གད་ཁའི་ཨ་བོ་སྒ་གཞོག

最后更新于:2018-08-26 16:20:52

གནའ་སྔ་མོའི་དུས་སུ་ས་ཆ་ཞིག་ན་སྤྱང་ཁུ་ཞིག་དང་རི་བོང་ཞིག་ཡོད།  སྤྱང་ཁུས་རྒྱུན་དུ་རི་བོང་ལ་ཐུབ་ཚོད་བྱས་པས་རི་བོང་གིས་ད་ནི་འདི་ལ་སྐྱིན་པ་ཞིག་ལེན་དགོས་སྙམ།

ཉིན་ཞིག་ལ་རི་བོང་གིས་གད་པ་ཞིག་གི་སྟེང་ནས་སྒ་གཞོག་ནས་བསྡད། སྤྱང་ཁུས་དེ་མཐོང་ནས་རི་བོང་ཁ་ཤོ་ཁྱོད་ཀྱིས་གནས་འདིར་ཅི་ཞིག་བྱེད་གི་ཡོད་ཅེས་དྲིས།  རི་བོང་གིས། ཨ་ཁུ་སྤྱང་ཁུ་ལགས། ང་ནི་གད་ཁའི་ཨ་བོ་སྒ་གཞོག་ཡིན། ངས་སྒ་གཞོག་གི་ཡོད་ཟེར། སྤྱང་ཁུས་སྒ་གཞོག་ནས་ཅི་བྱེད། དེའི་ཅི་ལ་ཕན་ཅེས་དྲིས་པས་རི་བོང་གིས་ངའི་སྒ་འདི་ནི་ཁྱད་པར་ཅན་ཞིག་ཡིན། སྤྱང་ཀིའི་རྒྱབ་ལ་གཏད་དང་ན་ལུག་གཉིས་གསུམ་རེ་འཁུར་ཡོང་རྒྱུ་ནི་སླ་མོ་ཡིན་ཞེས་བཤད།  སྤྱང་ཁུས་བདེན་པར་སྙམ་སྟེ། རི་བོང་ལོ་ལོ། དེ་ལྟར་ཡིན་ཚེ་ང་ལ་ཡང་སྒ་ཞིག་གཏོད་ཅེས་ཞུ་བ་ཡང་ཡང་བྱས་པས་རི་བོང་གིས་སྤྱང་ཀིར་སྒ་གཏད། རི་བོང་གིས་ཨ་ཁུ་སྤྱང་ཀི་ལགས། རྒྱུག་པའི་སྐབས་སུ་གློ་དམ་པོ་སྡོམས། ལུག་ཁྱུའི་ནང་དུ་ཐོན་རྗེས་ལྷོད་དགོས་ཞེས་ནན་བཤད་ཡང་ཡང་བྱས་རྗེས་སྤྱང་ཁུ་ཕྱིར་ལོག་སོང་།

ཕྱི་ཉིན་ཨ་ཁུ་སྤྱང་ཁུས་གློ་ཐིག་དམ་པོ་བསྡམས་ཏེ་ཨ་ཧོ་ཧོ་ཞེས་ཀུ་སྒྲོག་བཞིན་ལུག་ཁྱུའི་ཕྱོགས་སུ་རྒྱུག  ལུག་ཁྱུའི་ནང་དུ་ཐོན་རྗེས་ཁོས་གློ་ཐིག་ལ་འཇུས་ཏེ་གསིག་འཐེན་ཞིག་བྱས་པས་སྒ་ཕོ་བའི་འོག་ཏུ་བསྣར། ད་ནི་ལུག་འཛིན་རྒྱུ་ཕར་ཞོག་འབྲོ་ཡང་མི་ཐུབ་པའི་གནས་སུ་ལྷུང་། ལྭག་རྫིས་སྣང་ཚུལ་དེ་མཐོང་རྗེས་གད་མོ་ཤོར། ཁོས་སྤྱང་ཁུ་བཟུང་སྟེ་གཅར་རྡུང་ཡིད་ཚིམ་པ་ཞིག་བྱས་པའོ།།