གནས་ལུགས་ཡོད་མེད།

最后更新于:2018-08-26 15:18:25

གནའ་སྔ་མོ་སྔ་མོ་ཞིག་ལ་ཕུ་ནུ་གཉིས་ཡོད།   ཉིན་ཞིག་ལ་ཕུ་བོས་ནུ་བོར་བཤད་རྒྱུར་འཇིག་རྟེན་ན་གནས་ལུགས་མེད་ཀི་ཞེས་བཤད།   ནུ་བོས་འཇིག་རྟེན་ན་གནས་ལུགས་ཡོད་ནི་རེད་ཅེས་བཤད།  དེ་བས་ཁོ་གཉིས་ཀྱི་མི་གཞན་ལ་འདྲི་རྒྱུར་ཐག་གཅོད་པ་གཏན་འཁེལ་བྱས་པ་དང་། གལ་ཏེ་འཇིག་རྟེན་ན་གནས་ལུགས་ཡོད་ཟེར་ན།   ཕུ་བོའི་མིག་བྲུ་པ་དང་།   འཇིག་རྟེན་ན་གནས་ལུགས་མེད་ཟེར་ན་བུ་ཆུང་བའི་མིག་བྲུ་རྒྱུ་གཏན་འཁེལ་བྱས།།  ཁོ་གཉིས་སོང་སོང་ནས་ཁྱི་རྒན་ཞིག་ལ་འཕྲད།   ཕུ་ནུ་གཉིས་ཀྱིས་ཁྱི་རྒན་ལ་འཇིག་རྟེན་ན་གནས་ལུགས་ཡོད་དམ་མེད་ཅེས་དྲིས་པ་ན།  ཁྱི་རྒན་གྱིས་ཁོ་གཉིས་ལ་འཇིག་རྟེན་འདི་ན་གནས་ལུགས་མེད་པ་འདྲ། ང་རང་གཞོན་པའི་སྐབས་སུ་ཡར་བརྒྱུགས་མར་བརྒྱུགས་བྱས་ནས་བདག་པོ་ཚང་སྲུང་སྐྱོབ་བྱས།   ད་བར་ལོ་ལོན་ནས་ལས་ཀ་བྱེད་མི་ཐུབ་པར་སླེབས་ཚེ། ང་རང་སྒོ་ཁར་བདའ་བ་མ་ཟད་ཟས་ཡང་མི་སྟེར་བ་རེད་ཅེས་བཤད།   ཕུ་བོས་ནུ་བོ་ལ་ད་ཁྱོད་ཀྱི་མིག་འབྲུ་དགོས་པ་རེད་ཟེར་བས།   ནུ་བོས་ཕྱིར་ཕུ་བོ་ལ་ད་རུང་མི་ཞིག་ལ་འདྲི་ཟེར།  དེ་ནས་ཡང་ཁོ་གཉིས་སོང་སོང་ནས་རྟ་རྒན་ཞིག་ལ་ཐུག   ཕུ་ནུ་གཉིས་ཀྱིས་རྟ་རྒན་ལ་འཇིག་རྟེན་ན་གནས་ལུགས་ཡོད་དམ་ཞེས་དྲིས་པ་ན།  རྟ་རྒན་གྱིས་ཁོ་གཉིས་ལ་འཇིག་རྟེན་འདི་ན་གནས་ལུགས་མེད་པ་འདྲ།   ང་རང་གཞོན་པའི་དུས་སུ་བདག་པོ་ཚང་གི་དངོས་པོ་སྟོད་ལ་ཁུར་ནས་སྨད་ལ་བརྒྱུགས། ལོ་ལོན་ནས་ཡར་མར་ལ་ཁུར་མ་ཐུབ་པས།       བདག་སྐྱོང་མི་བྱེད་པར་ཤར་བདའ་བྱས། ཁོ་གཉིས་སོང་སོང་ནས་ལུག་རྒན་ཞིག་ལ་ཐུག   ཕུ་ནུ་གཉིས་ཀྱིས་ལུག་རྒན་ལ་འཇིག་རྟེན་ན་གནས་ལུགས་ཡོད་དམ་ཞེས་དྲིས་པ་ན།  ལུག་རྒན་གྱིས་ཁོ་གཉིས་ལ་འཇིག་རྟེན་འདི་ན་གནས་ལུགས་མེད་པ་འདྲ།   ང་རང་གཞོན་པའི་དུས་སུ་བདག་པོ་ཚང་ལ་འོ་མ་དང་ལུ་གུ་མང་པོ་སྐྱེས།  ལོ་ལོན་ནས་འོ་མ་བསྐམ་ནས་ལུ་གུ་བཙས་མ་ཐུབ་པས།       བདག་སྐྱོང་མི་བྱེད་པར་བཤའ་རྩིས་བྱེད་བཞིན་ཡོད།   དེ་ནས་ཁོ་གཉིས་ཀྱིས་ནུ་བོའི་མིག་འབྲུས་རྩིས་བྱས་ནས་ཆུ་ཁ་ཞིག་ལ་སོང་ནས་མིག་བྲུས།   ནུ་བོ་སོང་སོང་རྗེས་ཐང་ཆད་པ་དང་ལམ་བར་དུ་འགྲོ་བའི་མི་ཞིག་ལ་མདུན་ན་བྲག་ཕུག་ཞིག་ཡོད་དམ་ཞེས་དྲིས་པས་མི་དེའི་བཤད་རྒྱུར་གོམ་པ་ལྔ་བཅུའི་མཚམས་ན་བྲག་ཕུག་ཞིག་ཡོད་ཀི་ཅེས་བཤད།   ཁོ་བྲག་ཕུག་དེའི་ནང་ལ་སོང་ནས་ཞགས་འདུག་བྱས།  དགུང་མོ་སྤྱང་ཀི་ཞིག་དང་སྟག   ཝ་མོ་ཞིག་དང་བཅས་གསུམ་ཡོང་ནས་ཁ་བརྡ་ཞིག་བྱེད་ཅེས་ཟེར།  དེ་ཚོས་བཤད་རྒྱུར་མཆོད་རྟེན་མདུན་ན་ཆུ་མགོ་ཞིག་ཡོད་པ་དེའི་ནང་ཁ་ལག་བཀྲུས་ན།  ནད་ཡོད་ཚད་སངས་དྲག་ཏུ་གྱུར་པ་དང་མིག་ཞ་ར་ཅན་ཡིན་ཡང་དྲག་པར་འགྱུར་ཞེས་བཤད།  ཕྱི་ཉིན་ནུ་བོ་མཆོད་རྟེན་མདུན་གྱི་ཆུས་ཁ་ལག་བཀྲུས་ནས་མིག་དྲག་པར་གྱུར།  ཉིན་འགའི་རྗེས་སུ་ཕུ་བོས་གནས་ཚུལ་དེ་ཤེས་ནས།   ཁོས་ཡང་མིག་བྲུས་ནས་ནུ་བོས་བཤད་པའི་ས་ཕྱོགས་དེར་སོང་སོང་རྗེས་ཐང་ཆད་པ་དང་ལམ་བར་དུ་འགྲོ་བའི་མི་ཞིག་ལ་མདུན་ན་བྲག་ཕུག་ཞིག་ཡོད་དམ་ཞེས་དྲིས་པས་མི་དེའི་བཤད་རྒྱུར་གོམ་པ་ལྔ་བཅུའི་མཚམས་ན་བྲག་ཕུག་ཞིག་ཡོད་ཀི་ཅེས་བཤད།   ཁོ་བྲག་ཕུག་དེའི་ནང་ལ་སོང་ནས་ཞགས་འདུག་བྱས།  དགུང་མོ་སྤྱང་ཀི་ཞིག་དང་སྟག   ཝ་མོ་ཞིག་དང་བཅས་གསུམ་གྱི་ཡང་ཁ་བརྡ་ཞིག་བྱེད་ཅེས་ཟེར།  དེ་ཚོས་བཤད་རྒྱུར་མཆོད་རྟེན་མདུན་གྱི་ཆུ་མགོ་ཞིག་ཡོད་པ་དེའི་ནང་ཁ་ལག་བཀྲུས་ན།  ནད་ཡོད་ཚད་སངས་དྲག་ཏུ་གྱུར་པ་དང་མིག་ཞ་ར་ཡང་དྲག་པར་འགྱུར་བ་རེད།  འོན་ཀྱང་ཁ་སང་དགོང་མོ་མི་ཞིག་གི་ཤེས་སོང་། དེ་བས་དེ་དགུང་ང་ཚོས་ས་འདིའི་ཉེ་འཁོར་ལ་ལྟ་ཞིབ་ཅིག་བྱེད་ཅེས་ཟེར་ནས་ཡར་མར་ལ་བལྟས་བས་ཕུ་བོ་རིག་ནས་ཟོས།  དེ་ནས་ནུ་བོ་སྐྱིད་པའི་འཚོ་བ་རོལ་ནས་བསྡད་དོ།