གསེར་མོ་མཚོ་དང་དངུལ་མོ་མཚོ།

最后更新于:2018-08-26 16:23:56

སྔོན་མཛེས་ཤིང་ཡིད་དུ་འོང་བའི་ས་ཆ་ཞིག་ན། རྒྱུ་སྟོབས་ཡུལ་གྲུ་ཀུན་གྱི་རྒྱལ་བོ་ལས་ཕྱུག་པ། འཁོར་འབངས་གནམ་མཁའི་སྐར་ཚོམ་ལས་མང་བ། རྟ་ནོར་ལུག་གསུམ་ཡུལ་གྲུ་ཀུན་དུ་ཁྱབ་པའི་རྒྱལ་བོ་ཞིག་ཡོད། ཡིན་ཡང་ཡིད་སྐྱོ་བ་ཞིག་ལ་རྒྱལ་བོ་དེ་ལ་བུ་མོ་གཉིས་མ་གཏོགས་རྒྱལ་སྲིད་འཛིན་པའི་བུ་གཅིག་ཀྱང་མ་བྱུང་། འཇིག་རྟེན་པའི་གཏམ་དཔེ་ལ་བུ་ཕྲུག་རང་གི་ཡག་ཟེར་བ་ལྟར་རྒྱལ་བོ་དེས་ཀྱང་བུ་མོ་གཉིས་ཁོག་གི་སྙིང་དང་ཞབས་ཀྱི་མིག་ལྟར་བསྐྱངས། བུ་མོ་དེ་གཉིས་གཅིག་གི་མིང་ལ་གསེར་མོ་མཚོ་དང་གཅིག་གི་མིང་ལ་དངུལ་མོ་མཚོ་ཞེས་ཟེར། གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ནི་ཡག་མོ་སྒོ་གནམ་མཁའི་ལྷ་མོས་མཐོང་ཡང་ངོ་ནོངས་པ། རིག་པ་ནམ་མཁའི་ཉི་ཟླ་ལས་གསལ་བ། མི་སུས་ཞིག་ཡིནརུང་འཛུམ་གྱི་བསུས་པའི་བུ་མོ་ཡ་རབས་གཉིས་ཡིན་པས་ཡུལ་དེའི་ཕོ་མོ་རྒན་གཞོན་ཀུན་གྱི་གླེང་གཞིར་གྱུར། གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ལ་གཡོག་མོ་ཅིག་ཡོད་པ་དེའི་མིང་ལ་ཤིང་རྟ་མོ་ཟེར། ཤིང་རྟ་མོ་ནི་གཡོ་རྒྱུ་ཆེ་ཞིང་སེམས་པ་དུག་ལྟར་གནག་པ་ཞིག་ཡིན་པས་ཁོ་མོ་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱི་གཡོག་མོར་གྱུར་བའི་ཉིན་དེ་ནས་བཟུང་ནམ་ཞིག་ལ་སྲས་མོ་གཉིས་གསད་དེ་རང་ཉིད་ཀྱིས་སྲིད་བཟུང་རྒྱུའི་ཧམ་སེམས་བཅིང་ཡོད།  ཉིན་ཞིག་ལ་གསེར་མོ་མཚོ་དང་དངུལ་མོ་མཚོ། ཤིང་རྟ་མོ་གསུམ་ལྟ་བསྐོར་དུ་སོང་།   མཚམས་ཤིག་ལ་ཁོ་གསུམ་མེ་ལོང་ལྟར་དྭངས་ཤིང་གསལ་བའི་མཚོ་ཞིག་གི་འགྲམ་དུ་སླེབས་བྱུང་། དེ་ནས་ཁོ་གསུམ་མཚོ་ཁར་སོང་ནས་རང་རང་གི་གཟུགས་བརྙན་ལ་བལྟས་པ་ན། གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ནི་མཛེས་ཤིང་ལྟ་ན་སྡུག་པ་དང་། ཤིང་རྟ་མོ་ནི་དེ་གཉིས་དང་བསྡུར་ན་རྨ་བྱའི་འགྲམ་ན་ཡོད་པའི་ཁྭ་ཏ་ཞིག་དང་མཚུངས། ཚུལ་དེ་མཐོང་ནས་ཤིང་རྟ་མོའི་ཡིད་ལ་ངན་སེམས་དྲན། ཁོ་མོས་འུ་གསུམ་པས་སོ་སོས་ཐོ་བ་དེ་མཚོ་ནང་དུ་འཕེན། སུའི་དེ་མི་འཐིམ་པར་བལྟ་ཞེས་བཤད། གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱིས་ཤིང་རྟ་མོས་ངན་སེམས་དྲན་ཡོད་པ་མ་གཏོགས། རང་ཉིད་ཀྱི་གསེར་གྱི་ཐོ་བ་དང་དངུལ་གྱི་ཐོ་བ་གཉིས་རུམ་ནས་བླངས་དེ་ཚམ་ཚོམ་མེད་པར་མཚོ་ནང་དུ་འཕངས། སྐབས་ཅིག་དེ་ཉིད་ལ་ཐོ་བ་གཉིས་པོ་རྦ་རླབས་དང་བསྡོངས་ཏེ་མཚོའི་ཞབས་སུ་ཐིམ།  གསེར་མོ་མཚོའི་ཚུལ་དེ་མཐོང་བས་ན་ཡིད་ལ་ཡབ་རྒྱལ་བོས་ངས་ཐོ་བ་ཆུ་ནང་དུ་འཕངས་ནས་བོར་སོང་བ་ཤེས་ན་བཀའ་བཀྱོན་གནང་རྒྱུ་རེད་བསམ་ནས་ཆུ་ནང་དུ་ལྡིང་ནས་ལྕེབ། ད་ནི་དངུལ་མོ་མཚོར་དངངས་སྐྲག་ཆེན་པོ་བྱུང་ནས་ཅི་བྱ་གཏོལ་མེད་དུ་གྱུར། དེ་ནས་ཤིང་རྟ་མོས་དངུལ་མོ་མཚོ་ཁྲིད་ནས་ས་ཆ་གཞན་ཞིག་དུ་བྲོས། གསེར་མོ་མཚོ་ཆུ་ནང་དུ་ལྡིང་ནས་ལྕབས་རུང་སྐྱོན་ཅི་ཡང་མ་བྱུང་།  རྒྱུ་མཚན་ནི་ཀླུ་རྒྱལ་བོས་གསེར་མོ་མཚོ་ཆུ་ནང་དུ་ལྷུང་བ་ཤེས་ནས་མོ་བསྐྱབས་པར་མ་ཟད་ད་དུང་བཙུན་མོར་བསྐོས། དུས་དེ་ནས་གསེར་མོ་མཚོ་ཀླུ་རྒྱལ་བོའི་ཕོ་བྲང་ནང་ནས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ནས་བསྡད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལས་ངན་གྱི་དངུལ་མོ་མཚོ་དེ་ཤིང་རྟ་མོ་དང་ལམ་ཐག་རིང་པོ་ཞིག་དུ་སོང་བའི་མཐར་རྒྱལ་ཁབ་གཞན་ཞིག་དུ་ཐོན་བྱུང་། སྐབས་དེར་ཡུལ་དེའི་མི་ཚང་མ་ཚང་ཁ་ཤིག་ཤིག་གི་སྒོ་ནས་རྒྱལ་བོའི་ཕོ་བྲང་གི་ཕྱོགས་སུ་འགྲོ་གིན་འདུག  དངུལ་མོ་མཚོ་དང་ཤིང་རྟ་མོ་གཉིས་རྒྱལ་ཁབ་དེར་ཐོན་མ་ཐག་པ་ཡིན་པས་ཁོ་གཉིས་ཀྱང་མི་ཚོགས་དང་ལྷན་དུ་རྒྱལ་བོའི་ཕོ་བྲང་གི་ཕྱོགས་སུ་སོང་། མདོར་ན་ཡུལ་དེའི་རྒྱལ་བོས་ས་ཕྱོགས་སོ་སོའི་བུ་མོ་རྣམས་ཕོ་བྲང་གི་མདུན་དུ་ཚོགས་པར་བཅུག་ནས་རང་གི་སྲས་ཆེ་བ་ལ་བཙུན་མོ་འདེམས་གི་ཡོད་པ་རེད། ཏག་ཏག་སྐབས་དེར་དར་ཚོན་སྣ་ལྔ་ཅན་གྱི་མདའ་མོ་ཞིག་དངུལ་མི་མཚོའི་མདུན་དུ་ལྷུང་སོང་། དངུལ་མོ་མཚོའི་ཅི་ཡིན་མ་ཤེས་པར་ཧབ་ན་བསྡད། ཤིང་རྟ་མོའི་ཚུལ་དེ་མཐོང་བ་ན་མྱུར་དུ་མདའ་མོ་དེ་ལག་དུ་བཟུང་ནས་རྒྱལ་བོའི་ཕྱོགས་སུ་རྒྱུགས་སོང་། དུས་དེ་ནས་བཟུང་ཤིང་རྟ་མོ་རྒྱལ་བོའི་སྲས་མོར་གྱུར་བ་དང་དངུལ་མོ་མཚོ་ནི་ཁོའི་གཡོག་མོ་རུ་གྱུར་ཏེ་ནམ་རྒྱུན་ལུག་འཚོས་ནས་བསྡད། ཤིང་རྟ་མོ་ནི་བདུད་མོ་ཞིག་ཡིན་པས་མོས་རྒྱལ་བུ་ཆེ་བ་ལ་གནོད་འཚེ་གང་མང་བཏང་སྟེ་མཐར་བསད་པ་དང་། རྒྱལ་བུ་འབྲིང་བ་ལ་ཡང་མནར་གཅོད་གང་མང་བཏང་ནས་ཐ་ན་སྙིང་ཡང་ཟོས། དེར་མ་ཟད་མོས་རྒྱལ་བུ་ཆུང་བ་ལ་ཡང་གནོད་འཚེ་བཏང་དང་གཏོང་བཞིན་ཡོད། དངུལ་མོ་མཚོ་ཉིན་རྒྱུན་དུ་ལུག་རྫིར་སོང་རུང་ཟས་ཉིན་གཅིག་ལ་བག་ལེབ་གཅིག་རེ་མ་གཏོགས་མེད། ཉིན་ཞིག་ལ་དངུལ་མོ་མཚོས་ལུག་ཁྱུ་དེད་ནས་སྔོན་གྱི་མཚོ་དེའི་ཁར་སླེབས། ཁོས་མཚོ་དེའི་ཕར་རང་ཉིད་ཀྱི་ཕ་ཡུལ་ཡིན་པ་ཤེས་ན་ཡང་འགྲོ་མ་ཕོད། དངུལ་མོ་འཚོས་ཤིང་རྟ་མོའི་རང་ཉིད་ལ་བཏང་བའི་མནར་གཅོད་དང་བཀྲེས་སྐོམ། ད་དུང་ཨ་ཅེ་སོགས་ཡིད་ལ་དྲན་ནས་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་ཞོར་འདི་ལྟར་གླུ་བླངས་སོང་།

ཁྱོད་གསེར་མོ་མཚོ་དེ་མཚོ་ནང་ན།

དངུལ་མོ་མཚོ་ང་མཚོ་ཁ་ན།

མ་འདྲེ་མོ་ཤིང་རྟ་མོ་སྲིན་མོ་དེ།

ང་ལྟོགས་ན་གོ་རེ་སུ་ཡི་སྟེར།

ང་གྲང་ན་ལྭ་བ་སུ་ཡི་བསྐོན།

མཚོ་ནང་གི་ཨ་ཅེ་གསེར་མོ་མཚོ།

ང་ལ་ལུག་རྫི་བྱེད་རོགས་བྱོས།

ང་བལ་སྐུད་སྐུད་པ་འཁེལ་རོགས་བྱོས།

འདི་ནི་ཀླུ་རྒྱལ་བོའི་ཕོ་བྲང་ན་ཡོད་པའི་ཨ་ཅེ་གསེར་མོ་ཚོས་ཐོས་ནས། མར་དང་ཕྱུར་བ་ཞུན་སོགས་ཟས་གང་ལེགས་ཁྱེར་ནས་མཚོ་ཁར་སླེབས། ཨ་ཅེ་གསེར་མོ་ཚོས་དངུལ་མོ་མཚོ། དེ་ལྟར་སེམས་སྡུག་མ་བྱེད་ཅིག སྐྱིད་ཀྱི་ཉི་མ་ཤར་ལ་ཉེ་ཞེས་བཤད། ཉིན་དེ་ནས་བཟུང་དངུལ་མོ་ཚོས་ནམ་རྒྱུན་ལུག་དེད་དེ་སྔོན་གྱི་མཚོ་དེ་ཁར་སོང་ནས་ཟས་གང་ལེགས་ལོངས་སུ་སྤྱད་པ་དང་གཏམ་གླེང་སྣ་ཚགས་བྱས་ནས་དགའ་དགའ་སྤྲོ་སྤྲོའི་འཚོ་བ་རོལ། ཉིན་ཞིག་ལ་དངུལ་མོ་ཚོས་ཨ་ཅེའི་བྱིན་པའི་ཟས་དེ་དག་ཟོས་མ་ཚར་བས་འགའ་ཤས་རུམ་དུ་བཅུག་ནས་ཡོང་། ཚུལ་དེ་ཏག་ཏག་འདྲེ་མོ་ཤིང་རྟ་མོའི་མཐོང་སོང་། ཤིང་རྟ་མོ་ཁོངས་ཁྲོ་གཏིང་ནས་ལང་སྟེ་དངུལ་མོ་མཚོར་གཅར་རྡུང་མང་པོ་བྱས། མོས་ཁྱེད་ཀྱིས་ཟས་དེ་དག་གང་ན་འཁྱེར་ཡོང་བ་ཡིན་ཞེས་བྲིས་པས་ན། དངུལ་མོ་མཚོ་སྐྲག་སོང་བས་གནས་ཚུལ་རྣམས་དྲང་མོར་སྨྲས་སོང་། ཤིང་རྟ་མོས་རྒྱུ་མཚན ་ཤེས་རྗེས་དངུལ་མོ་མཚོ་ལ་བཤད་རྒྱུར། སང་ཉིན་ཁྱེད་ཀྱིས་ཡུལ་ནས་སྲས་ཆུང་བ་ལ་ཞབས་ཞུ་གང་ལེགས་སྒྲུབ། ལུག་རྫི་བྱེད་དུ་ང་རང་འགྲོ་ཟེར། ཕྱི་ཉིན་ཤིང་རྟ་མོས་ལུག་ཁྱུ་དེད་ནས་ལག་ཏུ་སྟ་རེ་ཞིག་བཟུང་ནས་མཚོ་ཁར་སོང་། དངུལ་མོ་མཚོས་རྒྱལ་སྲས་ཆུང་བའི་རལ་བ་ལས་ཞོར་དུ་སེམས་ཡོངས་རྫོགས་ཨ་ཅེའི་ཕྱོགས་སུ་འཁོར་བས་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར། དུས་དེར་མོའི་མིག་ཆུ་ཐིགས་པ་གཅིག་རྒྱལ་སྲས་ཆུང་བའི་སྐེར་ཐིགས་སོང་། རྒྱལ་སྲས་ཀྱིས་དེ་རྟོགས་ནས་དངུལ་མོ་མཚོ། ཁྱེད་རང་ལ་ཅི་ཞིག་བྱུང་སོང་ཞེས་དྲིས། དངུལ་མོ་མཚོའི་སེམས་ལ་སྡུག་བསྔལ་གྱི་ཁེངས་ནས་རང་གི་མྱོང་བརྒྱུད་དང་ད་དུང་རྒྱལ་སྲས་ཆེ་བ་དང་འབྲིང་བ་ཡང་ཤིང་རྟ་མོའི་བསད་པ་སོགས་ཇི་བཞིན་དུ་བཤད། རྒྱལ་སྲས་ཆུང་བ་སྔར་ནས་ཤིང་རྟ་མོ་ལ་དོགས་པ་ཡོད་ལ་འོན་ཀྱང་དོགས་གཞི་དེ་དག་སེལ་མ་ཐུབ། ད་ལྟ་དངུལ་མོ་མཚོས་དེ་ལྟར་བཤད་པས་རྒྱལ་སྲས་ཀྱི་དེ་ལྟ་བུ་ཞིག་ཡིན་པ་གཞི་ནས་རྟོགས་སོང་། ཉིན་དེར་དངུལ་མོ་མཚོ་དང་རྒྱལ་སྲས་གཉིས་ཀྱིས་གྲོས་བྱས་པའི་མཐར་ཤིང་རྟ་མོའི་འདུག་སའི་གནས་དེར་དུང་རིམ་པ་དགུ་ཅན་ཞིག་བརྐོས་ཏེ་སྟེང་དུ་གདན་ཞིག་བཏངས་ནས་བཞག  ཕྱི་དྲོ་ཤིང་རྟ་མོས་ལུག་ཁྱུ་དེད་ནས་ཕྱིར་ཕོ་བྲང་དུ་ལོག  ཁོས་གསེར་མོ་མཚོ་གསོད་མ་ཐུབ་པས་ཞེ་སྡང་ཆེན་པོ་ལངས་ཏེ་དངུལ་མོ་མཚོར་ས་རུབ་པ་ལྟ་བུའི་འགྲམ་ལྕགས་དུ་མ་གཞུས། ་སྡུག་དམོད་བྱེད་ཞོར་མར་ཙོག་པས་ན་ཧྲོག་སེ་དུང་རིམ་པ་དགུ་བརྩེགས་ཅན་གྱི་ནང་དུ་ལྷུང་སོང་།དེ་ནས་རྒྱལ་སྲས་དང་དངུལ་མོ་མཚོ་གཉིས་ཀྱིས་དུང་ཁར་རྡོའི་མནན། དེ་མ་ཟད་ད་དུང་མཆོད་རྟེན་ཞིག་བཞེངས། ཉིན་དེ་ནས་བཟུང་དངུལ་མོ་མཚོ་ནི་རྒྱལ་སྲས་ཆུང་བའི་བཙུན་མོ་བྱས་ཏེ་རྒྱལ་སྲས་ཉིད་ལ་རོགས་བྱས་ནས་སྲིད་ལེགས་པར་བསྐྱངས་ཤིང་བདེ་ཞིང་སྐྱིད་པའི་འཚོ་བ་རོལ།