དཀོན་མཆོག་གསུམ།

最后更新于:2018-08-26 15:21:49

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་རྒྱལ་པོ་ཞིག་ཡོད་པ་དེར་བུ་ཚ་ཞིག་ཡོད།  བུ་དེ་སྐྱེས་མ་ཐག་མོ་བས་རྩིས་བཏབ་ནས་བུ་འདི་ལོ་བཅུ་གཉིས་ལ་ལོན་ཚད་དུ་ཕོ་བྲང་ནང་དུ་འདུག་མི་རུང་།  གལ་ཏེ་བསྡད་ན་རྒྱལ་བོ་དང་རྒྱལ་མོ་འཁོར་ལ་ཚེ་སྲོག་གི་ཉེན་ཁ་ཡོད་པ་རེད་བཅས་བཤད་པས།  རྒྱལ་བོས་བུ་ལོ་བཅུ་གཉིས་རིང་ཕྱིར་ཡོང་མི་ཆོག་པའི་བཀའ་བཙན་པོ་བབས།  དེ་བས་བུ་ས་ཕྱོགས་སོ་སོར་འཁྱམས་འཁྱམས་ནས་ལོ་བཅུ་གཅིག་ལོན།  སྐབས་དེར་རྒྱལ་བོས་བུ་ལྡོམ་པོ་ལ་ཕྱིར་སྐབས་བུ་མོ་མཆོག་ཏུ་གྱུར་བ་ཞིག་ཆུང་མར་འཁྲིད་ནས་ཤོག་ཅེས་བཀའ་བབས།  བུ་སོང་སོང་ནས་ཨ་ཡེ་རྒན་མོ་ཞིག་ལ་ཐུག་པ་དེར་བུ་མོ་མཆོག་ཏུ་གྱུར་བ་ཞིག་ཡོད་དམ་ཞེས་དྲིས་པ་ན།  ཨ་ཡེ་རྒན་མོ་དེས་བཤད་རྒྱུར་ས་འདི་ན་དེ་འདྲ་ཞིག་མེད་པ་དང་།  བྱང་གི་ཕྱོགས་ན་རྒྱལ་བོ་ཞིག་ཡོད་པ་དེར་ཡག་མོ་སྒོ་ནམ་མཁའི་ལྷ་ལ་འགྲན་པ་དང་།  ལག་ལས་ཀར་མཁས་ཤིང་གཤིས་བཟང་ཡིན་པའི་བུ་མོ་གསུམ་ཡོད་པ་རེད་ཅེས་བཤད།  རྒྱས་སྲས་བུ་མོ་དེ་བཙལ་བར་བྱང་གི་ཕྱོགས་སུ་སོང་།

ཡུལ་དེར་ཐོན་ལ་ཉེ་བའི་སྐབས་སུ་རྒྱ་མཚོ་ཞིག་དང་འཕྲད།  ཁོ་ཆུ་ལ་རྐྱལ་བའི་སྐབས་སུ་སྐེ་ན་བཏགས་ཡོད་པའི་ཡིད་བཞིན་ནོར་བུ་བོར་སོང་།  དེ་རྐྱེན་གྱིས་ཁོའི་མིག་ཞར།  ཟ་མ་མེད་པར་ལུས་ཟུང་ཟད་ནས་ནད་པར་གྱུར།   ཕོ་བྲང་གི་སྒོ་ན་རྒྱལ་བོ་ཚང་གི་སྤྲང་བོ་ཚོར་སྦྱིན་པ་གཏོང་བཞིན་ཡོད། ཁོ་ཡང་དེར་སོང་ནས་རྒྱལ་བོ་ཚང་གི་སྦྱིན་ཟས་ལ་རོལ་ནས་སྟོབས་ཤུགས་རྒྱས་།   ཕྱི་ཉིན་རྒྱལ་བོ་ཚང་གི་སྟོན་མོ་བཤམས་པ་དང་སྟོན་ཐོག་ན་རྒྱལ་བོའི་བུ་མོ་ཆེ་བས་གོས་ལྭ་རས་ལྭ་གོན་ནས། གོས་ལྕུག་རས་ལྕུག་བཅིངས་ནས།   གསེར་དངུལ་གཡུ་དང་བྱུ་རུ་སོགས་རྒྱན་ཆ་སྣ་འཛོམས་བཏགས་ནས་ཡོད་པས།   བུ་མོ་ཆེ་བས་མཛེས་པའི་སྙན་གྲགས་ཕྱོགས་བཞིར་ཁྱབ།  ཡབ་རྒྱལ་བོར་མི་ཚང་མས་ང་ལས་ལྷག་པ་ཞིག་མེད་ཟེར་བཞིན་འདུག་ཅེས་བཤད་པས།  རྒྱལ་བོས་དེ་སུ་ཞིག་གི་བཀའ་དྲིན་རེད་ཅེས་དྲིས།  བུ་མོ་ཆེ་བས་འདི་ཡབ་ཆེན་ཁྱོད་ཀྱི་བཀའ་དྲིན་རེད་ཅེས་བཤད། རྒྱལ་བོའི་ཐུགས་ཤུན་ཏུ་དགྱེས། ཕྱི་ཉིན་རྒྱལ་བོ་ཚང་གི་ཡང་སྟོན་མོ་བཤམས་པ་དང་སྟོན་ཐོག་ན་རྒྱལ་བོའི་བུ་མོ་འབྲིང་བས་གོས་ལྭ་རས་ལྭ་གོན་ནས། གོས་ལྕུག་རས་ལྕུག་བཅིངས་ནས།   གསེར་དངུལ་གཡུ་དང་བྱུ་རུ་སོགས་རྒྱན་ཆ་སྣ་འཛོམས་བཏགས་ནས་ཡོད་པས།   བུ་མོ་འབྲིང་བས་མཛེས་པའི་སྙན་གྲགས་ཕྱོགས་བཞིར་ཁྱབ།  ཡབ་རྒྱལ་བོར་མི་ཚང་མས་ང་ལས་ལྷག་པ་ཞིག་མེད་ཟེར་བཞིན་འདུག་ཅེས་བཤད་པས།  རྒྱལ་བོས་དེ་སུ་ཞིག་གི་བཀའ་དྲིན་རེད་ཅེས་དྲིས།  བུ་མོ་འབྲིང་བས་འདི་ཡབ་ཆེན་ཁྱོད་ཀྱི་བཀའ་དྲིན་རེད་ཅེས་བཤད། རྒྱལ་བོའི་ཐུགས་ཤུན་ཏུ་དགྱེས། ཕྱི་ཉིན་རྒྱལ་བོ་ཚང་གི་སྟོན་མོ་ཐེངས་གསུམ་པ་བཤམས་པ་དང་སྟོན་ཐོག་ན་རྒྱལ་བོའི་བུ་མོ་ཆུང་བས་གོས་ལྭ་རས་ལྭ་གོན་ནས། གོས་ལྕུག་རས་ལྕུག་བཅིངས་ནས།   གསེར་དངུལ་གཡུ་དང་བྱུ་རུ་སོགས་རྒྱན་ཆ་སྣ་འཛོམས་བཏགས་ནས་ཡོད་པས་།   བུ་མོ་ཆུང་བས་མཛེས་པའི་སྙན་གྲགས་དེ་ལས་ཀྱང་ཕྱོགས་བཞིར་ཁྱབ།  ཡབ་རྒྱལ་བོར་ལ་མི་ཚང་མས་ང་ལས་ལྷག་པ་ཞིག་མེད་ཟེར་བཞིན་འདུག་ཅེས་བཤད་པས།  རྒྱལ་བོས་དེ་སུ་ཞིག་གི་བཀའ་དྲིན་རེད་ཅེས་དྲིས།  བུ་མོ་ཆེ་བས་འདི་ནི་དཀོན་མཆོག་གསུམ་གྱི་བཀའ་དྲིན་རེད་ཅེས་བཤད།

རྒྱལ་བོ་མ་དགའ་བར་བུ་མོ་ཆུང་བ་སྒོ་ཁའི་སྤྲང་བོ་ནད་པ་ཞ་ར་དེ་ལ་མནའ་མར་བྱིན།  སྤྲང་བོ་དེ་ནི་རྒྱལ་སྲས་ཞ་ར་ཡིན་པ་རེད།   ཁོ་གཉིས་མཉམ་དུ་ཕྱིར་ཡོང་ཡོང་ནས་རྒྱ་མཚོ་ཁ་དེར་ཐོན།   བུ་མོས་ཁོར་བཤད་རྒྱུར་ཁྱོད་འདི་ནས་བཞུགས་དང་།  ངས་རྒྱ་མཚོ་ནང་ནས་རྡོ་བླངས་ནས་ཅི་ཡིན་པ་ཁྱེད་ལ་སྟོན་ཟེར་ནས་ཆུ་ནང་རྐྱལ་ནས་རྡོ་མང་པོ་ལག་ལ་བཟུང་ནས་ཞི་ལུ་ལྡོམ་པོར་བསྟན།  མཚམས་ཞིག་ལ་བུ་མོས་ལག་ལ་ཚོན་མདོག་སྣ་ལྔ་ཅན་གྱི་རྡོ་ཞིག་ཐོན་ནས་རྒྱལ་སྲས་ལ་བསྟན།  ཁོས་ལག་ལ་བཟུང་མ་ཐག་མིག་སོས་པ་དང་ལུས་སྲོག་ཡང་སྟོབས་དང་ལྡན་པར་གྱུར།   མ་གཞིར་དེ་ནི་སྔོན་ན་མར་བོར་སོང་བའི་ཡིད་བཞིན་ནོར་བུ་དེ་རེད།  དེ་ནས་ཁོ་གཉིས་རྒྱལ་སར་ཐོན།  ཡབ་རྒྱལ་བོས་རང་གི་བུ་རྒྱལ་ས་བཀོད་ནས་ཁྲིར་བཞུགས་སུ་བཅུག།   བུ་མོས་མཛོད་ནང་ནས་འཇིག་རྟེན་གྱི་ས་ཕྱོགས་ཀུན་ཏུ་དཀོན་པའི་རིན་ཆེན་གསེར་གྱི་ཕྲེང་བ་སྐེ་ལ་བཏགས་ནས།  གཡུའི་རྒྱན་པའི་གོས་གྱོན་ནས་ཕྱིར་ཕ་ཡུལ་ལ་སོང་ནས་ཡབ་རྒྱལ་བོར་དཀོན་མཆོག་གསུམ་གྱི་བཀའ་དྲིན་ཡིན་པའི་རྒྱུ་མཚན་དང་དཔེ་ལ་སོགས་བཤད་པས་ཡབ་རྒྱལ་བོ་དཀོན་ཆོག་གསུམ་ལ་ཡིད་ཆེས།  ཁོ་གཉིས་ལ་ཡང་བྱམས་ཀྱིས་སྐྱོང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་དོ།