དཔལ་ལྡན་ཉི་མའི་གཏམ་རྒྱུད།

最后更新于:2018-08-26 15:21:02

སྔོན་ཡུལ་གྱི་ས་བཙན་ཞིང་མཐའ་བཞི་བྲག་རིའི་སྐོར་བའི་ཕུ་ཆེན་ཞིག་ན། ཕན་ཚུན་ཕུ་ནུ་བཞིན་བརྩེ་ཞིང་དྲིན་ཕ་མ་བྱམས་ལྟར་སྐྱོང་བའི་སྡེ་བ་ཞིག་ཡོད་པ་དེའི་ནང་།ཕ་མ་གཅིག་ལས་མཆེད་པ་མིན་ཡང་། རྩེད་ར་གཅིག་ལས་སོན་པའི་བྱིས་པའི་ཁྲོམ་ཞིག་ཡོད། ཁོ་ཚོ་དུས་རྒྱུན་སྡེ་འདབས་ཀྱི་ཆུ་འགྲམ་དུ་སོང་ནས་ཉིན་གང་བོར་རྩེད་ནས་ཐ་ན་མཚམས་རེར་ཟ་མ་ཟ་རྒྱུ་བརྗེད་པའང་ཡོད། དེ་ལྟར། ནམ་ལངས་བ་ནས་ས་རུབ་པའི་བར་ཁོ་ཚོ་ལུས་དང་གྲིབ་མ་བཞིན་འགྲོས་ནས་བརྩེ་བ་མཚོ་ལས་ཟབ་ཞིང་མཛའ་བ་རི་ལས་བརྟན།

ཉིན་ཞིག་ཁོ་ཚོ་སྡེ་བའི་ནང་ས་གཞན་ནས་མ་བུ་གཉིས་འོངས་ནས་གཏན་སྡོད་བྱས། བྱིས་པ་དེའི་མིང་ལ་དཔལ་ལྡན་ཉི་མ་ཟེར། ཁོ་ཡང་བྱིས་པ་གཞན་དང་འདྲ་བར་རྩེད་དགའ་ཆེ་ཞིང་པྲ་ཚགས་མ་རབས་ཤིག་ཡིན་པས་དུས་རྒྱུན་དུ་རྒྱུས་མེད་ཀྱི་ཕུ་ཆེན་སྡེ་བའི་བྱིས་པའི་ཁྲོམ་ལ་སོང་ནས་བརྩེ།  བློ་དང་རིག་པ་རྣོ་ཞིང་། སྤྱང་གྲུང་འཛོམས་པ་ཞིག་ཡིན་པས། ཁོས་དུས་རྒྱུན་བྱིས་པ་ཚོ་ལ་གན་བྱས་འདི་བྱས་ཞེས་བཀའ་ཕབ་པ་སོགས་བྱས་ཏེ་ཡུན་རིང་སོང་མཐར། བྱིས་པ་གཞན་དག་ཧ་ཅང་ཡི་མ་རང་བའམ་ཁོའི་རང་མཐོ་རང་སྣང་གི་ཚུལ་དེར་སྡང་ནས་ཁོ་ཚོ་ཚང་མས་འདི་ལྟར་གྲོས་བྱས། སྔོན་ང་ཚོའི་རྩེད་ར་འདི་འཆམ་མཐུན་རོགས་རམ་དང་དགའ་དགའ་སྤྲོ་སྤྲོ་ཡིན་པའི་དུས་དཔལ་ལྡན་ཉི་མ་ཟེར་བ་ཡོང་ནས་ཡོད་ཚད་བརླག་པས་ད་ནི་ང་ཚོས་ཁོ་ས་གཞན་ཞིག་ལ་སྤྱུགས་པའམ་ཡང་ན་རང་བྱིས་ཁྲོམ་ནས་ཕུད་དགོས་ཞེས་བཤད་མཐར་ཚང་མས་མ་གྲོས་རང་མཐུན་གྱིས་དེ་བཟང་གི་ཞེས་བཤད།  ཕྱི་ཉིན་སྔ་དྲོར། བྱིས་པའི་ཁྲོམ་གྱིས་གྲོས་བྱས་ནས་ཚང་མས་དཔལ་ལྡན་ཉི་མ་ལ་སྒུག་ནས་བསྡད་ཡོད། ཡུད་ཙམ་མ་འགོར་བར་དཔལ་ལྡན་ཉི་མས་རང་ཚང་གི་ར་མ་དེ་ག་རི་ངོས་སུ་རྒྱབ་རྗེས་འགྲོས་མགྱོགས་པོས་བྱིས་པའི་ཁྲོམ་ཏུ་འོངས་ནས།ཚང་མས་ང་ལ་སྒུག་ཡོད་པ་ཨེ་ཡིན།ད་འགྲོ་ཞེས་བཤད་མ་ཐག་ཁ་ཕྱིར་འཁོར་ནས་འགྲོ་གྲབས་བྱེད་སྐབས། བྱིས་པ་གཅིག་གིས་འཛུམ་དམུལ་དམུལ་གྱིས་རྒྱལ་བོ་ལགས་བྲག་རྐེད་འདི་ན་ངོ་མཚར་ཁྱད་དུ་འཕགས་ཤིང་སྐད་སྙན་མོ་ཁུ་བྱུག་འདྲ་བ། སྒྲོ་ཡག་པོ་རྨ་བྱ་ཅན་འདྲའི་བྱིའུ་ཞིག་ཡོད་པས་ཁྱོད་སོང་ནས་བླངས་ན་ཇི་འདྲ་རེད་ཅེས་བཤད་པ་ན་བྱིས་པ་པྲ་ཚགས་དེ་ཡང་ངོ་མཚར་ནས་ཁོ་ཚོར་ཁས་བླངས་ཏེ་སྐེད་ལ་ཐགས་པ་བརྒྱབ་ནས་བྲག་རྐེད་དུ་བབས།དེ་ལྟར།དཔལ་ལྡན་ཉི་མས་ཅི་ཡང་མ་བསམ་མ་ཤེས་བར་བྲག་རྐེད་དུ་བབས་ནས་ཡུན་རིང་འགོར་རྗེས་བྱིའུ་དེ་འདྲ་ཞིག་གཏན་ནས་མེད་པས་ཁོས་ཐགས་པ་ཕྱིར་འཐེན་ཞེས་སྐད་ཅོར་རྒྱབ་དུས་མི་གཅིག་ཀྱང་མེད་ལ་ཐག་པའང་བཅད་ནས་ཡོད་པས་ཁོ་རང་ཁོང་ཁྲོ་ལངས་བ་དང་ཆབས་ཅིག་མིག་ལས་མཆི་མ་བཞུར་ཞིང་བྲག་འདབས་ནས་དངངས་འཚུབ་དང་འཇིགས་སྐྲག་སྐྱེས་ནས་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་སུ་ཨ་སྔོན་དབྱིངས་ནས་བྱ་རྒྱལ་རྒོད་པོ་ཞིག་གིས་གཤོག་པ་བརྐྱངས་ནས་ཁོའི་འགྲམ་གྱི་བྲག་ཁུང་དེའི་ནང་འཛུལ་འོངས་བས་ཁོ་རང་སྔར་ལས་ལྷག་པར་འཇིགས་སྐྲག་དང་དངངས་འཚུབ་སྐྱེས། འོན་ཀྱང་ཕྱིར་འགྲོ་བའི་ལམ་མ་རྙེད་པ་དང་བྲག་ལ་འགོ་བའི་རྩལ་མེད་པས་ལ་སོགས་ཀྱི་རྐྱེན་གྱིས་ཁོ་རང་བྲག་འདབས་ནས་དུས་གཏན་དུ་ལུས།

ཉིན་མང་པོ་འགོར་རྗེས། ཁོ་བྱེའུ་ཚང་ངམ་བྱ་རྒོད་པོ་དེའི་གམ་དུ་བཅར་ཀྱང་དོགས་ཟོན་ཅི་ཡང་མེད་པས་དེ་ལྟར་ཁོ་ཚོ་འགྲིས་ནས་བརྩེ་འདངས་ཆགས་ཤིང་བྱ་རྒོད་པོས་དུས་རྒྱུན་དུ་རི་མགོ་ནས་ཤིང་ཏོག་སོགས་བྲོ་ག་མང་པོ་འཁྱེར་འོངས་བས་ཁོའི་ཁ་ཟས་སུ་བྱས་པས་ཁོ་རང་བྱེའུ་དེ་དག་དང་མཉམ་དུ་ནར་སོན་ནས་གཉོམ་ལག་རྒྱས།

དེ་ཡང་བྱེའུ་ཚོགས་འདབ་ལག་རྒྱས་ནས་གཞན་ཡུལ་འགྲིམ་དུས་ཁོ་རང་གཅིག་པུ་ལུས་པས།  རང་ཡུལ་ལ་ལོག་འདོད་ཀྱི་སེམས་པ་དྲག་ཏུ་འཕྱུར་ཡང་ཡང་ཕྱིར་འགྲོ་མི་ཐུབ་པ་དང་སོང་ཡང་ལོ་མང་འདས་རྐྱེན་དྲིན་ཕ་མ་ཡོད་མེད་དང་སྡེ་བས་ཡང་བསྐྱར་འཚེ་བར་སེམས་ནས་བསྡད་འདུག་པའི་སྐབས་སུ།  བྱ་རྒོད་པོས་གཤོག་རྩལ་བརྐྱངས་ནས་ཁོ་རང་གཤོག་ཐོག་ཏུ་བླངས་ནས་བྲག་རྐེད་ལ་བསྐྱལ།  བསྐྱལ་རྗེས་བྱ་རྒོད་པོས་ཧ་ཅང་འབྲེལ་མི་འདོད་པ་དང་ཁོ་རང་ཐམ་ནས་སྐད་ཅོར་འགའ་བརྒྱབ་རྗེས། ཕྱིར་བྱེའུས་ཚོགས་སུ་འགྲོ་བའི་ལམ་བར་དུ། བྲག་རྡོ་དང་གདོང་ཐུག་བརྒྱབ་ནས་ཤ་ཉོག་རུས་ཉོག་ཏུ་གྱུར། ཉི་མ་འོད་ཟེར་གྱིས་དེ་མཐོང་ནས་སེམས་ཀྱིས་མ་བཟོད་པར་ཕྱིར་བྲག་འདབས་སུ་མཆོངས་ནས་དུས་གཏན་དུ་བྱ་རྒོད་པོ་འཆི་བའི་གནས་སར་སྒོམ་སྒྲུབ་མཛད་དོ།།