ཕུ་ནུ་གཉིས།

最后更新于:2018-08-26 15:22:25

དེ་ཡང་སྔོན་ཞིག་གི་དུས་ན། ཕ་མ་གཉིས་སྔ་མོ་ནས་ཚེ་ལས་འདས་པའི་དྭ་ཕྲུག་ཕུ་ནུ་གཉིས་ཡོད། ཕུ་བོ་ནི་ཆུང་དུས་ནས་རྒྱུ་ངོ་ལས་སྤུན་ངོ་མི་ཤེས་པའི་མི་སེམས་ནག་ཅིག་ཡིན། ནུ་བོ་ནི་ངང་རྒྱུད་འཇམ་ཞིང་སྙིང་རྗེ་ཆེ་ལ། དུས་རྒྱུན་པར་སྔ་ལངས་འཕྱི་ཉལ་བྱས་ཏེ་སོ་ནམ་གྱི་ལས་ཁོ་ནར་བརྩོན་པའི་མི་ཡ་རབས་གཞུང་དྲང་ཞིག་ཡིན་རུང་། “བུ་ཡི་བཟང་ངན་རང་གི་ལག   ལོ་ཡི་བཟང་ངན་གནམ་གྱི་ལག”ཅེས་པའི་དཔེ་ལྟར།ལོ་ངོ་དུ་མར་ཐན་སྐྱོན་བྱུང་བ་རིམ་བཞིན་སྤྲང་ཁྱིམ་ཞིག་ཏུ་གྱུར་སོང་། ལོ་ཞིག་གི་དཔྱིད་ཀར་ནུ་བོ་ཚང་ལ་ས་བོན་མེད་པས་ཕུ་བོ་ཚང་ལ་ས་བོན་བསྐྱི་རུ་སོང་བ་ཕུ་བོས་འདི་སྐད་དུ། “ས་བོན་བསྐྱི་དགོས་ན་སྔོན་ལ་ངའི་ཞིང་ལ་ཐོབས”ཟེར། ནུ་བོས་“དེ་ལོས་ཆོག”ཅེས་སོང་ནས་ཕུ་བོ་ཚང་གི་ཞིང་འདེབས་སྐབས། ཞིང་ནང་ནས་སྐྱི་ཁུག་རྙིང་བ་ཞིག་རྙེད། ནུ་བོས་སྐྱི་ཁུག་ལག་ཏུ་བཟུང་ནས་འདི་སྐད་དུ་“འདིའི་ནང་ན་རྩམ་པ་གང་ཡོད་ན་སྐྱིད་པ་ལ”ཞེས་བཤད་པ་ན། གློ་བུར་དུ་སྐྱི་ཁུག་ནང་དུ་རྩམ་པས་བཀང་ཡོང་། ནུ་བོ་ཡ་མཚར་ཏེ་སྐྱི་ཁུག་འདི་ཅི་ཡིན་ནམ་བསམས་ཞོར་ཡང་། “མར་ལོག་ཅིག་ཡོད་ན་དགའ་བ་ལ་”ཞེས་བཤད་རྗེས། གློ་བུར་དུ་སྐྱི་ཁུག་ནང་ནས་མར་ལོག་ཅིག་ཡོང་། དེ་ནས་ནུ་བོས་སྐྱི་ཁུག་དེ་ནི་ནོར་བུ་དགོས་འདོད་ཐམས་ཅད་གནང་བའི་ནོར་བུ་ཞིག་ཡིན་པ་ཤེས་ཏེ། ཁྱིམ་དུ་ཁྱེར་ཡོང་ནས་བདག་གཉེར་བྱས། ཉིན་ཞིག་ཕུ་བོས་ཤེས་ཏེ་ནུ་བོ་ཚང་ལ་ཤོར་ཡོང་ནས་འདི་སྐད་དུ། “ངའི་ཞིང་ནང་གི་རིན་པོ་ཆེ་ང་ལ་དབང་དགོས”ཞེས་ནུ་བོའི་ཁྱིམ་གྱི་སྐྱི་ཁུག་བཙན་གྱིས་འཕྲོག་རྗེས། སེམས་ནས་སྐྱི་ཁུག་འདི་ཡོད་ཚེ། འཇིག་རྟེན་འདི་ན་ང་ལས་ལྷག་པའི་ཕྱུག་པོ་ཞིག་མེད་དོ་ཞེས་བསམས་ཏེ་འདི་སྐད་དུ། “ང་ལ་འབྲུ་རིགས་གྲོ་ནས་སྲན་གསུམ་གྱིས་རི་བོ་མཐོན་པོ་ཞིག་སྤུང་དགོས”ཞེས་བཤད་པ་ན། གློ་བུར་དུ་འབྲུ་རིགས་ཀྱི་རི་བོ་ཆེན་པོ་ཞིག་གྲུབ་པ་དང་། འབྲུ་རིགས་ཀྱི་རི་བོ་མཐོ་དྲགས་པས་ཉིལ་ཡོང་ནས་ཕུ་བོ་འབྲུ་རིགས་འོག་ཏུ་བཅུག་ནས་ཤིའོ།  གྲོ་ནས་སྲན་གསུམ་ཚང་མ་ནུ་བོས་སྡེ་བའི་མི་ཚང་མར་བགོས་ནས་ཐན་པ་ཕར་བསྐྱལ།  དེ་ནས་ནུ་བོས་སྐྱིད་པའི་འཚོ་བ་རོལ་ནས་བསྡད།