ཕུ་བོ་མིག་ལོང་།

最后更新于:2018-08-26 16:36:08

སྔོན་ཞིག་ལ།  རི་རྩེ་གངས་ཀྱིས་བཟུང་ཞིང་རི་སྐེད་ནགས་ཀྱི་གཏམས་པ།  རི་འདབས་སུ་ཆུ་མོ་ལྷུང་ལྷུང་འབབ་པའི་ས་ཆ་ཞིག་ཡོད།  དེ་ཡང་རི་འདབས་ཀྱི་སྤང་ཐང་ཞིག་དུ་དུད་ཁྱིམ་གཅིག་འདུག་པ་དང་།  ཁྱིམ་དེར་ཕུ་བོ་མི་ལོང་ཞིག་དང་ད་རུང་ཁོང་གཅུང་པོ་དང་དེའི་ནམའ་མ་བཅས་ཡོད།  ཁོ་ཚང་ལ་ཕྱུགས་ནོར་དུ་མ་ཡོད་པས་རྒྱུན་དུ་ཕྱུགས་རྫི་གཉེར་བཞིན་བཞིན་ཡོད།  འོན་ཀྱང་།  ཕུ་བོ་མིག་ལོང་དེ་ཡུལ་དུ་འདུག་པ་ལས་ཕྱུགས་འཚོ་བའི་ནུས་པ་ནི་དབེན་པས་གཅུང་བོ་དང་མནའ་མ་གཉིས་ཀྱི་ཡིད་ལ་གཟན་པར་བྱས།  ལྷག་པར་དུ་མནའ་མའི་ཁ་ནས་བརླིང་ཚིག་ཁོ་ན་ལས་ཐོས་རྒྱུ་མེད་པ་དང་རང་གི་གཅུང་བས་ཀྱང་དེ་ལས་མ་འདས།  ཉིན་ཞིག་གི་དགོང་མོར། མནའ་མས་ད་ནི་དུས་ཡུན་རིང་བོར་འདི་ལྟར་སོང་ན་ངེད་གཞིས་ཀྱི་སྡུག་ཡིན་པ་མ་ཟད་རྗེས་ནས་ཕྲུ་གུ་སྐྱེས་ན་བཟའ་ཚང་གི་ཁ་གསོ་རྒྱུའང་ཁག་པོ་འདུག་པས། ཕུ་བོ་མིག་ལོང་མེད་པར་གཏོང་དགོས་པའི་གྲོས་བཏོན། ཁོ་གཉིས་ཀྱིས་གྲོས་བྱས་མཐར་ཁོ་ཚང་དང་ཐག་མི་རིང་བའི་རི་སྐེད་ཀྱ་ནགས་ཚལ་དུ་སྟག་ཁུང་ཞིག་ཡོད་པ་ཕུ་བོ་མིག་ལོང་དེའི་དེའི་ནང་དུ་འཕེན་རྒྱུར་གྲོས་ཐག་བཅད། ཕྱི་ཉིན་སྔ་མོ་ནམ་ལངས་པ་དང་གཅུང་བོས་ཕུ་བོ་མིག་ལོང་ལ་མགོ་བསྐོར་དང་ནས་བཏང་ནས་བཤད་རྒྱུར། ཕུ་བོ་ལགས།  ཁྱོད་ནི་ད་རག་བར་དུ་ཁྱིམ་འདིའི་སྒོ་ལ་བུད་མ་མྱོང་བས།  དེ་རིང་ངས་ཁྱོད་ཁྲིད་དེ་ངེད་གཉིས་ནགས་གསེབ་ཏུ་འཆམ་འཆམ་དུ་འགྲོ་ཞེས་བརྗོད་པར།  ཕུ་བོ་དགའ་དྲགས་ནས་མྱུར་དུ་མལ་ལས་ལངས་ཤིང་། གཅུང་བོའི་ལག་མགོར་འཇུས་ནས་ནགས་གསེས་དུ་ཆས།  དེ་ནས་གཅུང་བོས་གཟས་ནས་སྟག་ཁུང་དེའི་གར་ཁར་ཁྲིད་ཅིང་ཐོན་པ་དང་། ངག་འཇམ་པའི་སྒོ་ནས་འདིན་ན་བྲག་ཁུང་ཞིག་འདུག་པས་ཁྱོད་འདིའི་ནང་དུ་ཅུང་ཟད་སྒུག་དང་ང་རང་ནགས་སིལ་འགའ་འཐོག་དུ་འགྲོ་ཟེར་ནས་རང་ཡུལ་དུ་ལམ་ལ་ཞུགས། ཕུ་བོ་མིག་ལོང་གི་ཅི་ཡང་མཐོང་མི་ཐུབ་པས་སེམས་ལ་དགའ་ལྷང་ལྷང་གིས་ཉིན་གང་བོར་སྟག་ཁུང་ནང་ནས་གཅུང་བོ་ལ་སྒུག་ནས་བསྡད།   ས་སྲོད་ཀྱི་དུས་སུ་སྟག་མོ་མ་བུ་བཞི་ཡོང་ཞིང་།  སྟག་ཕྲུག་ཅིག་གིས་མར་འདྲི་རྒྱུར།དོ་དགོང་འུ་ཅག་ནང་ནས་འདུག་གམ་ཕྱི་ནས་འདུག་ཅེས་བའི་ལན་དུ་སྟག་མོས་དོ་དགོང་འུ་ཅག་གི་ལྟོ་འགྲང་ཟིན་གནམ་ངོ་དྭངས་འདུག་པས་ཕྱི་ནས་འདུག་ཅེས་བརྗོད།  སྐབས་འདིར་ད་བཟོད་ཕུ་བོ་མིག་ལོང་གི་རང་ཉིད་འདུག་པས་བྲག་ཕུག་དེ་སྟག་ཁུང་ཡིན་པ་རྟོགས་ནས་འཇིགས་སྐྲག་གིས་ལུས་ཧྲིལ་བོར་འདར་བཞིན་སྐད་ངག་ཙམ་ཡང་འབྱིན་པར་མ་ཐུབ་པར་བསྒོངས་ནས་བསྡད།   དེ་ནས་སྟག་མ་བུ་བཞི་བོས་གླལ་བརྒྱངས་རེ་བྱས་རྗེས་ཁ་བརྡའི་མགོ་བརྩམས།

ཐོག་མར་སྟག་མས་བཤད་རྒྱུར། འདི་ནས་ཐག་མི་རིང་བའི་ས་ནས་རྒྱལ་བོ་ཞིག་ཡོད་ལ།  རྒྱལ་བོ་དེའི་སྐུ་སྲས་ཀྱི་རྣ་བར་འབུ་རྫག་ཏེ་ཞིག་འཛུལ་བས་རྒྱལ་སྲས་ལ་ནད་ལྕི་མོ་ཞིག་བྱུང་སྟེ་འཆི་ལ་ཉེ་འདུག    རྒྱལ་པོས་དེ་ལ་བཅའ་བ་རིམ་གྲོ་རྒྱ་ཆེན་སྒྲུབ་ཀྱང་དེས་ག་ལ་ཕན་ཟེར། དེ་ནས་སྟག་ཕྲུག་ཅིག་གི་འོ་ན་དེ་ལ་ཅི་ལྟར་བྱེད་ན་ད་གཟོད་སྙུན་ལས་ཐར་ཐུབ་བམ་ཞེས་དྲིས།  སྟག་མས་དེ་ནི་སླ་བོ་ཞིག་ཡིན། རྒྱལ་པོ་ཚང་གིས་འདབས་སུ་རྡོ་ཕ་བོང་ཞིག་འདུག་པ་དེའི་འོག་དུ་རྒྱ་གྲོག་དཀར་དམར་སེར་གསུམ་གྱི་ཚང་ཡོད་ལ།  རྡོ་ཕ་བོང་སློག་སྟེ་རྒྱ་གྲོག་དཀར་པོ་ཚིལ་གསོ་དགོས།   དམར་པོ་ཁྲག་གི་གསོ་དགོས།  སེར་པོ་རྐང་གིས་གསོས་རྗེས།  རེ་རེའི་སུག་པར་ཕྱིར་འཐེན་བྱེད་ཀྱི་གོས་སྐུད་རང་མདོག་དང་མཐུན་པར་བཏགས་ཏེ།  ཐོག་མར་རྒྱ་གྲོག་དམར་པོ་བཏང་ན་དེས་སྒུར་བར་བྱེད་ཐུབ།   མཐའ་མར་དཀར་པོ་བཏང་ནས་དེས་དྲུད་དེ་ཕྱིར་ཡོམཝང་ཐུབ་པས་རྒྱལ་སྲས་མྱུར་དུ་དྲག་པར་འགྱུར་མོད།   རྒྱལ་བོ་ཚང་ན་དེ་ཤེས་མཁན་གཅིག་ཀྱང་མེད་པར་བརྗོད།  ཕུ་བོ་མིག་ལོང་གིས་གསང་གཏམ་འདི་ལ་གསལ་མོར་ཉན་རྗེས་སེམས་པ་ཅུང་ཟད་ལྷོད་ལ་བབས་ནས་མུ་མཐུད་དུ་ཉན་ནས་བསྡད།   དེ་ནས་ཡང་སྟག་མས་བཤད་རྒྱུར།  གཞན་ཡང་ས་ཆ་དེ་ལ་ཆུ་ཧ་ཅང་དཀོན་པས་རྒྱལ་འབངས་ཐམས་ཅད་ཀྱི་འཚོ་བ་དཀའ་ཁག་ཆེན་པོ་བྱུང་འདུག   གལ་དེ་ཁོ་ཚོས་ཤེས་རྒྱུ་ན་། རྒྱལ་བོ་ཚང་གི་ཉེ་འདབས་ཀྱི་ཕ་བོང་སུམ་བརྩེགས་ཅན་དེ་ཞིག་ན་ཆུ་ཕྱིར་བརྡོལ་བར་མ་ཟད། ཆུ་དེ་ནི་བདུད་རྩི་སྨན་གྱི་ཚབ་ཡིན་ལ།  ས་དེའི་ཞ་བོ་ལོང་བ་དང་ནད་ཀྱིས་བཟུང་བའི་སྐྱེས་བུ་ཕོ་མོ་ཚང་མས་འཐུང་ན་སངས་དྲག་དུ་འགྲོ་ཞིང་།   རྒྱལ་ཁབ་འདིའང་སྟོབས་འབྱོར་མངའ་ཐང་རྒྱས་པར་འགྲོ་མོད།   རྒྱལ་པོ་ཚང་ན་དེ་ཤེས་མཁན་ཞིག་མི་འདུག་ཅེས་ཟེར།   ཕྱི་ཉིན།    ཕུ་བོ་མིག་ལོང་གིས་མདང་གི་སྟག་མོ་མ་བུ་ཚོས་གསང་གཏམ་ཡིད་ལ་བཅིངས་ནས།  སྟག་མོ་མ་བུ་བཞི་བོ་ནགས་སུ་སོང་སྐལ་གོག་འགྲོད་བྱས་ཏེ་ཕྱོགས་ཤིག་དུ་སོང་སོང་མཐར།   ས་ཆ་ཞིག་ཏུ་ཐོན་ཞིང་བྲོ་ཞིང་སློང་བར་བསམ་ནས་ཁྱིམ་ཚང་ཞིག་གི་སྒོ་ཁ་ནས་སྒུག་བསྡད།    ཅུང་ཙམ་ཞིག་ན་མི་ཞིག་སྒོ་ཁར་བུད་པ་དེ་ལ་བདག་ལ་བྲོ་ཞིག་སློང་ཞེས་བཤད་པར།  མི་དེས་བཤད་རྒྱུར།  རྒྱལ་བོ་ཚང་གི་སྲས་ལ་ནད་ལྕི་མོ་ཞིག་བྱུང་ཡོད་པས་མོ་བ་ཞིག་འཚོལ་དུ་འགྲོ་དགོས་ཞིང་ཁྱོད་ལ་བྲོ་སྟེར་ཁོམ་མེད་ཅེས་ཟེར་ཏེ་འགྲོ་གྲབས་བྱེད་སྐབས། ཕུ་བོ་མིག་ལོང་གིས་སྟག་མ་བུ་བཞི་བོས་བཤད་པའི་རྒྱལ་པོ་དེ་ཚང་ཡིན་པ་ཤེས་ནས་མྱུར་དུ་ངས་ཀྱང་མོ་འདེབས་ཤེས་ཞེས་བརྗོད།  དེར་བློན་པོ་དེས་འོ་ན་ང་རྒྱལ་བོ་ལ་ཞུ་རུ་འགྲོ་ཟེར་ནས་ནང་དུ་སོང་སྟེ་རྒྱལ་པོ་ལ་། རྒྱལ་བོ་རིན་པོ་ཆེ་ལགས། འུ་ཚང་གི་སྒོ་ཁ་ན་སྤྲང་བོ་བྲོ་སློང་མཁན་ཞིགའདུག་ལ།  དེས་ཁོ་རང་གིས་མོ་འདེབས་ཤེས་ཟེར་བས་ཅི་ལྟར་བྱ་ཞེས་ཞུས།  རྒྱལ་པོ་སྐབས་དེར་ཐུགས་ཧ་ཅང་འཚབ་པའི་སྒང་ཡིན་ཕྱིར། ནང་དུ་འཁྲིད་ཤོག་ཅེས་བཀའ་བབས། ཕུ་བོ་མིག་ལོང་ནང་དུ་འོང་ནས་རྒྱལ་བོ་ལ་གུས་ཕྱག་ཕུལ་རྗེས། རྒྱལ་པོས་མིག་ལོང་ལ་ངའི་ཚང་གི་སྐུ་སྲས་ལ་སྙུང་གཞི་ཆེན་པོ་ཕོག་སྟེ་རིམ་གྲོ་གང་སོགས་སྒྲུབ་ཀྱང་མ་ཕན།    ད་ནི་ཅི་བྱ་ཁྱེད་ཀྱི་མོ་ཞིག་ཐོབས་དང་ཞེས་གསུངས།    དེ་ནས་ཕུ་བོ་མིག་ལོང་གིས་མོ་འདེབས་ཁུལ་གྱི་རྣམ་པ་ཞིག་བསྟནགནས་ཅུང་ཙམ་འགོར་རྗེས།  རྒྱལ་བོ་ལ་སྟག་མ་བུ་བཞི་བོའི་གསང་གཏམ་ཇི་མ་ཇི་བཞིན་དུ་ཞུས་ཤིང་།    རྒྱལ་བོས་ཀྱང་དེ་ལུགས་སུ་བཀའ་ཕབ་ནས་རྡོ་ཕ་བོང་སློག་པ་དང་།  འོག་གི་རྒྱ་གྲོག་དཀར་དམར་སེར་གསུམ་ཁྲག་དང་རྐང་ཚིལ་རེ་རེ་བྱེད་ནས་གསོས་རྗེས།   དེ་དག་རང་རང་གི་མདོག་དང་མཐུན་པའི་གོས་སྐུད་རེ་སུག་པར་བཏགས་ཏེ།    ཐོག་མར་རྒྱ་་གྲོག་དམར་བོ་བཏང་བས་རྒྱལ་བོ་དབང་བོ་ཤོར་སྟེ་རྒྱལ་སོང་།   དེ་ནས་སེར་པོ་བཏང་ཞིང་།   མཐར་མར་དཀར་པོ་བཏང་བས་དེས་འབུ་རྫག་ཏེ་ཞིག་རྒྱལ་སྲས་ཀྱི་རྣ་ནས་ཕྱིར་འདྲུད་དེ་ཡོང་ངོ་།།   དེར་རྒྱལ་བློན་ཚང་མ་ཧ་ལས་ཞིང་དགའ་སྤྲོ་ཚད་མེད་སྐྱེས་ཏེ།   མིག་ལོང་ཞིག་གི་རྒྱལ་སྲས་འཆི་བདག་གི་ཞགས་པ་ལས་སྐྱོབ་པར་སྟོན་མོ་ཉིན་ཞག་བཅོ་བརྒྱད་གནང་ཞིང་།    དེ་ལ་བཀའ་དྲིན་ཞུ་བའི་སླད་དུ་རྒྱལ་པོས་ཕུ་བོ་མིག་ལོང་ལ་རང་གི་ཕོ་བྲང་ནས་འདུག་དགོས་ཚུལ་དང་བཙུན་མོ་འཁོར་དང་བཅས་བ་གནང་རྒྱུ་མ་ཟད།    ད་དུང་རྒྱལ་སྲིད་ཀྱི་ཕྱེད་ཀ་ཁྱོད་ལ་གནང་ཟེར་ཡང་།   ཕུ་བོ་མིག་ལོང་སེམས་ལ་རང་ཉིས་ལའང་ཡུལ་ཞིག་ཡོད་པས་ཡུལ་གྱི་གཅུང་བོའི་གམ་དུ་འགྲོ་རྒྱུའི་སེམས་ཐག་བཅད་ཅིང།  ཕྱིར་འགྲོ་བའི་ཉིན་བདུན་ཡོད་པས་སྐབས་སུ་རྒྱལ་བོ་ལ་ཉེ་འདབས་ཀྱི་ཕ་བོང་སུམ་བརྩེགས་ཤིག་ཡོད་པ་དེ་འོག་དུ་ཆུ་མིག་དྭངས་གཙང་བ་ཞིག་ཡོད་པའི་གསང་གཏམ་དེའང་ཞུས་པས།  རྒྱལ་པོས་མྱུར་དུ་ས་དེ་གའི་རྡོ་བཟོ་ཚང་མ་བསྡུས་ཏེ་རྡོ་ཕ་བོང་སུམ་བརྩེགས་ཅན་དེ་གཏོར་བ་ན།  འོག་ནས་ངོ་མ་ཆུ་མིག་དེ་འདྲ་ཞིག་བརྡོལ་བྱུང་། ཕུ་བོ་མིག་ལོང་གིས་ཆུ་དེའི་ཕན་ཡོན་རྣམས་རྒྱལ་པོ་ལ་ཞུས་ཤིང་།  རང་གིས་ཀྱང་ཉིན་ཞག་གསུམ་གྱི་རང་ལ་ཆུ་མིག་འགྲམ་ནས་མིག་གཉིས་ཡང་ཡང་བཀྲུས་མཐར།   མིག་གཉིས་སོས་ཤིང་མཐོང་བར་གྱུར།  ས་དེའི་ཞ་བོ་དང་ལོང་བ།  ནད་ཀྱི་བཟུང་ནས་ལོ་མང་པོ་འགོར་བའི་སྐྱེ་ཕོ་མོ་ཚང་མས་ཀྱང་དེ་བཞིན་བཀྲུས་པས་ཚང་མ་སངས་དྲག་དུ་ཕྱིན་པ་དང་རྒྱལ་ཁམས་ཡོངས་ལ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་ཉི་མ་ཤར།   དེ་ནས་རྒྱལ་པོས་རང་གི་མཛོད་ཀྱི་ཕྱེད་ཀ་ཕུ་བོ་མིག་ལོང་ལ་རྫོང་སྐལ་དུ་གནང་ནས་རྟ་འདྲེ་བརྒྱ་ཕྲག་ཅིག་ལ་ཁལ་བཀལ་ཏེ་ཕུལ་ལ་སྐྱེས་མ་རྒྱ་ཆེན་མཛད།

ཕུ་བོ་ཡུལ་དུ་ལོག་ཙ་ན།  གཅུང་བོ་དང་མནའ་མ་གཉིས་ལ་ཕྱུགས་ནོར་ཕར་ཞོག་ལྟོ་གོས་ཙམ་ཡང་མེད་པར་སྤྲང་བོ་ཤམ་ཤམ་དུ་གྱུར་འདུག   གཅུང་བས་ཕུ་བོ་སྟག་གི་མ་ཟོས་པར་མ་ཟད་མིག་གཉིས་སོས་ཏེ་རྒྱུ་ནོར་པ་འདི་འདྲ་ཅི་ལྟར་བྱུང་བ་སྙམ་སྟེ་གནས་ཚུལ་ཞིབ་དུ་དྲིས།   ཕུ་བོ་མིག་ལོང་གིས་ཀྱང་རང་ཉིད་ཀྱི་རྒྱུད་རིམ་རྣམས་གཅུང་བོ་ལ་བཤད་པ་ན།   གཅུང་གི་སེམས་པ་འཁྲུག་སྟེ་རང་གི་མིག་དྲུད་རྗེས་སྔོན་གྱི་སྟག་ཁུང་དེའི་ནང་དུ་ཕུ་བོ་ལ་ཁྲིད་དུ་བཅུག   ཕུ་བོས་ཇི་ལྟར་གདམས་ཀྱང་མ་ཉན་པར་སྟག་ཁུང་དུ་ཁྲིད་ནས་སོང་།   ས་སྲོད་ཀྱི་མཚམས་སུ་སྟག་མ་བུ་བཞི་བོའི་གདོང་ལ་སྡུག་མདོག་ཅིག་ཤར་ཏེ་ཕྱི་ཡོང་། དེའི་ནང་ནས་སྟག་ཕྲུག་ཅིག་གི་སྟག་མར་འདྲི་རྒྱུར།   དོ་དགོང་འུ་ཅག་གི་ཕྱི་ནས་འདུག་གམ་ནང་ནས་འདུག་ཅེས་པར།   སྟག་མ་ཁྲོ་བཞིན་དེ་རིང་ཉིན་གང་བོར་སོང་སོང་ཡང་ཁ་ལ་ཟས་ཙམ་ཡང་མ་བྱུང་།  གནམ་ངོའང་རུབ་འདུག་པས་ནང་དུ་འགྲོ་ཞེས་སྟག་ཕྲུག་རྣམས་ཁྲིད་ན་ནང་དུ་ཡོང་བར།  སྟག་ཁུང་ནང་དུ་མི་ལོང་བ་ཞིག་འདུག་པ་མཐོང་ཞིང་།   སྔོན་འུ་ཅག་གི་གསང་གཏམ་ལ་ཉན་མཁན་ཡང་འདི་འདྲ་བ་ཞིག་ལོས་ཡིན་ཟེར་ཏེ།  བསམ་དབང་དྲན་དབང་མེད་པར་སྟག་མ་བུ་བཞི་བོས་ལུས་མེད་དུ་ཟས་སོ།།