བུ་མོ་ལྷ་རིས།

最后更新于:2018-08-26 15:23:10

སྔོན་ས་ཆ་ཞིག་ན་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བུ་མོ་གཅིག་ཡོད་ལ།མོའི་མིང་ལ་ལྷ་རིས་ཟེར།ཁོ་མོ་གཤིས་རྒྱུད་འཇམ་ཞིང་སྐྱེས་གཟུགས་ཤིན་ཏུ་མཛེས་པ་ཞིག་ཡིན།ལང་ཚོ་དར་ལ་བབས་ཏེ་མི་ཚེའི་མདུན་ལམ་འཚོལ་རན་པའི་དུས་ན་ཕ་མས་ཁོ་མོ་རྒྱ་ཡུལ་ཞིག་ལ་མནའ་མར་བརྫངས།གནས་ཡུལ་ནས་བུ་མོ་ལྷ་རིས་ཀྱིས་གནས་སྡུག་ཚད་མེད་མྱངས།ལོ་ཞིག་གི་དགུན་ཁར་བུ་མོ་ལྷ་རིས་གནས་ཡུལ་གྱི་སྙིད་མོ་དང་མཉམ་དུ་བུད་ཤིང་འཐུ་རུ་སོང་པས།སྙིད་མོས་བུ་མོ་ལྷ་རིས་ལ་ཁྱོད་ཀྱིས་སྔ་དྲོ་བུད་ཤིང་ཐུས་དང་ང་གཉིད།ཕྱི་དྲོ་ཁྱོད་གཉིད་དང་ངས་བུད་ཤིང་འཐུ་ཅེས་བཤད་པ་ལྟར་སྔ་དྲོ་བུ་མོ་ལྷ་རིས་ཀྱིས་བུད་ཤིང་བཏུས།ཉིན་གོང་ལོན་པ་ན་ཁོ་མོས་སྙིད་མོ་བོས་ནས་ད་ལོངས་ལ་ཁྱོད་ཀྱིས་བུད་ཤིང་ཐུས་དང་ང་གཉིད་ཞེས་བཤད་ནས་གཉིད།ཁོ་མོ་གཉིད་ཤུལ་དུ་སྙིང་མོས་ངན་སེམས་དྲན་ནས་བུད་ཤིང་མ་བཏུས་བར་སྲུ་མོས་བཏུས་ཡོད་པའི་བུད་ཤིང་ཚང་མ་ཁུར་ནས་ཡུལ་ལ་སོང་སྟེ་དེ་རིང་སྲུ་མོ་ཉིན་གང་བོར་བུད་ཤིང་མི་འཐུ་བར་གཉིད་ནས་བསྡད་པ་དང་།ངས་བཤད་ཀྱང་མི་ཉན་གི་ཞེས་གཅིག་ཐོག་གཉིས་བྱས་ནས་ངན་མང་པོ་ཞིག་བཤད།བུ་མོ་ལྷ་རིས་རི་མགོ་ནས་གཉིད་ལས་སད་དུས་ས་རུབ་ལ་ཉེ་བ་དང་སྙིད་མོ་ཡང་རིག་ས་ན་མེད་པས་སྙིད་མོའི་གཡོ་འོག་ཏུ་ཚུད་པ་ཤེས་ནས་མྱུར་མོར་བུད་ཤིང་ཁུར་ཆུང་ཞིག་བཏུས་བ་ན་ས་ཡང་རུབ།མོ་ཡུལ་ལ་ཐོན་དུས་གནམ་ལ་སྐར་མ་ཁྲ་ལམ་མེར་ཤར་འདུགཁྱིམ་མི་རྣམས་ཀྱིས་སྙིད་མོའི་སྐད་ཆ་བདེན་པར་རློམ་སྟེ་སྒོ་གཏན་ནས་ཉལ་ཟིན།ཁོ་མོས་སྒོ་ཁ་ནས་བོས་ཏེ་སྒོ་ཕྱེ་རོགས་ཞེས་གླུ་འདི་ལྟར་བླངས་སོ།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཨ་ནེ་ལོ་ལོ་སྒོ་ཞིག་ཕྱེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།སྔ་དྲོ་བཏུས་བཏུས་སྙིད་མོས་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཕྱི་དྲོ་བཏུས་བཏུས་རང་གི་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།གནམ་ན་སྐར་མ་འདའ་ར་ར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ས་ན་རྩི་ཤིང་འཇོ་ལོ་ལོ།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཁ་ན་སོ་སྒྲ་ཐག་ཐག་ཐག།

ཨོཾ་མ་ཎི་པདྨེ་ཧཱུཾ། ཨ་ནེ་ལོ་ལོ་སྒོ་ཞིག་ཕྱེས།།

ཞེས་ཞུ་བ་བྱས་ཀྱང་སྒོ་མ་ཕྱེས།།དེ་ནས་ཡང་ཁོ་མོས་ཨ་མྱེས་ལ།

ཨོཾ་མ་ཎི་པདྨེ་ཧཱུཾ།ཨ་མྱེས་ལོ་ལོ་སྒོ་ཞིག་ཕྱེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།སྔ་དྲོ་བཏུས་བཏུས་སྙིད་མོས་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཕྱི་དྲོ་བཏུས་བཏུས་རང་གི་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།གནམ་ན་སྐར་མ་འདའ་ར་ར །།

ཨོཾ་མ་ཎི་པདྨེ་ཧཱུཾ།ས་ན་རྩི་ཤིང་འཇོ་ལོ་ལོ །།

ཨོཾ་མ་ཎི་པདྨེ་ཧཱུཾ།ཁ་ན་སོ་སྒྲ་ཐག་ཐག་ཐག།

ཨོཾ་མ་ཎི་པདྨེ་ཧཱུཾ། ཨ་མྱེས་ལོ་ལོ་སྒོ་ཞིག་ཕྱེས།།

ཞེས་བཤད་ཀྱང་སྒོ་མ་ཕྱེས།དེ་ནས་ཡང་ཁོ་མོས་མག་པ་ལ།

ཨོཾ་མ་ཎི་པདྨེ་ཧཱུཾ།མག་པ་ལོ་ལོ་སྒོ་ཞིག་ཕྱེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།སྔ་དྲོ་བཏུས་བཏུས་སྙིད་མོས་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཕྱི་དྲོ་བཏུས་བཏུས་རང་གི་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།།མག་པ་ལོ་ལོ་སྒོ་ཞིག་ཕྱེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།གནམ་ན་སྐར་མ་འདའ་ར་ར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ས་ན་རྩི་ཤིང་འཇོ་ལོ་ལོ།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཁ་ན་སོ་སྒྲ་ཐག་ཐག་ཐག།

ཨོཾ་མ་ཎི་པདྨེ་ཧཱུཾ།།མག་པ་ལོ་ལོ་སྒོ་ཞིག་ཕྱེས།།

ཞེས་ཞུ་བ་བྱས་ཀྱང་སྒོ་མ་ཕྱེས།དེ་ནས་ཁོ་མོས་རང་ཡུལ་ནས་གནས་སྐལ་ལ་ཁྲིད་ཡོང་པའི་མཛོ་མོ་ཞིག་ཡོད་པ་དེ་ལ།

ཨོཾ་མ་ཎི་པདྨེ་ཧཱུཾ།མཛོ་མོ་རྭ་ཡས་སྒོ་ཞིག་ཕྱེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།སྔ་དྲོ་བཏུས་བཏུས་སྙིད་མོས་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཕྱི་དྲོ་བཏུས་བཏུས་རང་གི་ཁུར།།

ཨོཾ་མ་ཎི་པདྨེ་ཧཱུཾ།གནམ་ན་སྐར་མ་འདའ་ར་ར།།

ཨོཾ་མ་ཎི་པདྨེ་ཧཱུཾ།ས་ན་རྩི་ཤིང་འཇོ་ལོ་ལོ།།

ཨོཾ་མ་ཎི་པདྨེ་ཧཱུཾ།ཁ་ན་སོ་སྒྲ་ཐག་ཐག་ཐག།

ཨོཾ་མ་ཎི་པདྨེ་ཧཱུཾ།།མཛོ་མོ་རྭ་ཡས་སྒོ་ཞིག་ཕྱེས།།

ཞེས་མཛོ་མོར་ཞུ་བ་བྱས་པ་ན་མཛོ་མོ་རྭ་ཡས་མས་རྭ་ཤེད་ཅིག་གིས་སྒོ་ཕྱེས་ནས་ལྷ་རིས་ནང་དུ་སོང་།དུས་དེར་བཟའ་མི་ཚོས་ཁོ་མོ་ནང་དུ་ཡོང་བ་ཚོར་མ་ཐག་སྒོར་བུད་ནས་གཅེར་རྡུང་དྲག་པོ་བྱས།དགུང་མོ་དེར་ལྷ་རིས་མཛོ་ཁང་ནང་དུ་ཉལ།ཕྱི་ཉིན་ནམ་མ་ལངས་གོང་ལ་ཁོ་མོ་ཁྱིམ་ལ་སོང་བ་ན་སྔར་བཞིན་ནང་ལ་ཡོང་དུ་མ་བཅུག དེ་ནས་ཡང་ཁོ་མས་གླུ་འདི་ལྟར་བླངས།

ཨོཾ་མ་ཎི་པདྨེ་ཧཱུཾ།།ཨ་ནེ་ལོ་ལོ་བྲོ་ཞིག་བྱིན།།

ཨོཾ་མ་ཎི་པདྨེ་ཧཱུཾ།།བྲོ་ཞིག་བྱིན་དང་ལུག་ལ་འགྲོ།

ཨོཾ་མ་ཎི་པདྨེ་ཧཱུཾ།།ལུག་མགོ་མ་བཤར་ནས་འབྲོང་ལ་འདྲེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ཨ་ནེ་ལོ་ལོ་བྲོ་ཞིག་བྱིན།།

ཨོཾ་མ་ཎི་པདྨེ་ཧཱུཾ།།བྲོ་ཞིག་བྱིན་དང་ལུག་ལ་འགྲོ།

ཨོཾ་མ་ཎི་པདྨེ་ཧཱུཾ།།ལུག་བར་མ་བཤར་ནས་ནོར་ལ་འདྲེས།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ལུག་རྗེས་མ་ད་རུང་ལྷས་ན་ཡོད།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ཨ་ནེ་ལོ་ལོ་བྲོ་ཞིག་བྱིན།།

ཨོཾ་མ་ཎི་པདྨེ་ཧཱུཾ།།བྲོ་ཞིག་བྱིན་དང་ལུག་ལ་འགྲོ།།

ཞེས་ཞུ་བ་བྱས་ཀྱང་ཁོ་མོར་བྲོ་མ་བྱིན་བས་ཁོ་མོའི་རྒྱུན་ལྡན་དུ་ཁྱིམ་འདི་ནས་བརྙས་བཅོས་ཁུར་བ་དང་མདང་དགོང་སྒོ་མ་ཕྱེས་བ།མཛོ་མོ་རྭ་ཡས་མ་གིས་སྒོ་ཕྱེ་བ་སོགས་ལ་ཞིབ་འདང་བརྒྱབ་སྟེ་འཇིག་རྟེན་འཁོར་བ་ལ་སྙིང་བོ་མི་འདུག ད་འདི་རུ་བསྡད་ནས་ཅི་བྱེད་བསམས་ནས་དབུས་ལ་འགྲོ་བར་སེམས་ཐག་བཅད་དེ་རང་ཡུལ་ལ་སོང་ནས་ཕ་མ་གཉིས་ལ་རང་ཉིད་དབུས་ལ་འགྲོ་རྒྱུ་ཡིན་པའི་གནས་ཚུལ་འདི་ལྟར་བརྗོད་དོ།།

ཨོཾ་མ་ཎི་པདྨེ་ཧཱུཾ།།རྒྱའི་རིགས་ལ་ཞེན་པ་གཏིང་ནས་ལོག །

ཨོཾ་མ་ཎི་པདྨེ་ཧཱུཾ།།གནས་མི་ཁ་ཅན་ནས་འདུག་ལས།།

ཨོཾ་མ་ཎི་པདྨེ་ཧཱུཾ།།དབུས་བྱིན་རླབས་ཅན་ལ་མཇལ་བས་དགའ།།

ཕ་མ་གཉིས་ཀྱིས་ཁྱོད་ཉིད་གནས་ཡུལ་ནས་མ་བསྡད་ན་ཁྱོད་ཀྱི་རྒྱུ་རིན་དུ་བླངས་པའི་ནོར་རྫས་དག་ཇི་ལྟར་འཇལ་ཞེས་འདི་ལྟར་བླངས།

ཨོཾ་མ་ཎི་པདྨེ་ཧཱུཾ།།བུ་མོ་ལྷ་རིས་དོན་འགྲུབ་མ།།

ཨོཾ་མ་ཎི་པདྨེ་ཧཱུཾ།།བུ་མོ་ལྷ་རིས་དོན་འགྲུབ་མ།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ཁྱོད་བུ་མོ་རིན་ལ་རྟ་བརྒྱ་བྱིན།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ངས་རྟ་བརྒྱའི་རིན་འདི་ཅི་ལྟར་ཚབ།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ཁྱོད་བུ་མོ་རིན་ལ་འབྲུ་བརྒྱ་བྱིན།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ངས་འབྲུ་བརྒྱའི་རིན་འདི་ཅི་ལྟར་ཚབ།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ཁྱོད་བུ་མོའི་རིན་ལ་ལུག་བརྒྱ་བྱིན།།

ཨོཾ་མ་ཎི་པདྨེ་ཧཱུཾ།།ངས་ལུག་བརྒྱའི་རིན་ལ་ཅི་ལྟར་ཚབ།།

 

ལྷ་རིས་ཀྱིས་ཕ་མ་གཉིས་ལ་འདི་ལྟར་ཕྱིར་གླུ་ལན་རྫོགས།།

མཛོད་ཀྱི་མཛོད་སྒོ་གོང་མ་ན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

གསེར་ཕྱེ་ཡུ་མོའི་རྐྱལ་གང་ཡོད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

རྟ་བརྒྱའི་ཁ་ལན་དེ་ཡིས་འཇོལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

མཛོད་ཀྱི་མཛོད་སྒོ་བར་མ་ན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

དངུལ་ཕྱེ་ཡུ་མོའི་རྐྱལ་གང་ཡོད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

འབྲི་བརྒྱའི་ཁ་ལན་དེ་ཡིས་འཇོལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

མཛོད་ཀྱི་མཛོད་སྒོ་ཞོལ་མ་ན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

དུང་ཕྱེ་ཡུ་མོའི་རྐྱལ་གང་ཡོད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ལུག་བརྒྱའི་ཁ་ལན་དེ་ཡིས་འཇོལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ཞེས་ལན་བཏབ་རྗེས་སུ།ཡང་བསྐྱར།

ཨ་ཕ་ལོངས་ལ་རྟ་རྫོངས་བྱོས།།ཨོཾ་མ་ཎི་པདྨེ་ཧཱུཾ།།

རྟ་མ་མང་མ་ཉུང་རྟ་གསུམ་བྱིན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

རྟ་གཅིག་ཡི་དམ་ལྷ་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

རྟ་གཅིག་ཇོ་མོའི་སྒར་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

རྟ་གཅིག་བུ་མོའི་ཞོན་རྟ་བྱེད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ཨ་མ་ལོངས་ལ་འབྲི་རྫོངས་བྱོས།།ཨོཾ་མ་ཎི་པདྨེ་ཧཱུཾ།།

འབྲི་མ་མང་མ་ཉུང་འབྲི་གསུམ་བྱིན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

འབྲི་གཅིག་ཡི་དམ་ལྷ་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

འབྲི་གཅིག་ཇོ་མོའི་སྒར་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

འབྲི་གཅིག་བུ་མོའི་བཞོ་འབྲི་བྱེད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

མིང་བོ་ལོངས་ལ་ལུག་རྫོངས་བྱོས།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ལུག་མ་མང་མ་ཉུང་ལུག་གསུམ་བྱིན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ལུག་གཅིག་ཡི་དམ་ལྷ་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ལུག་གཅིག་ཇོ་མོའི་སྒར་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ལུག་གཅིག་བུ་མོའི་བྲོ་ལུག་བྱེད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

སྲི་མོ་ལོངས་ལ་སྒྱེ་རྫོངས་བྱོས།།ཨོཾ་མ་ཎི་པདྨེ་ཧཱུཾ།།

སྒྱེ་མ་མང་མ་ཉུང་སྒྱེ་གསུམ་བྱིན།།ཨོཾ་མ་ཎི་པདྨེ་ཧཱུཾ།།

སྒྱེ་གཅིག་ཡི་དམ་ལྷ་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

སྒྱེ་གཅིག་ཇོ་མོའི་སྒར་ལ་འབུལ།།ཨོཾ་མ་ཎི་པདྨེ་ཧཱུཾ།།

སྒྱེ་གཅིག་བུ་མོའི་བྲོ་སྒྱེ་བྱེད།།ཨོཾ་མ་ཎི་པདྨེ་ཧཱུཾ།།

ཅེས་ཟེར་ཞིང་དབུས་ལ་འགྲོ་བའི་གྲ་སྒྲིག་བྱས་ཏེ་དབུས་ལ་སོང་།བུ་མོ་ལྷ་རིས་སོང་ཤུལ་དུ་གནས་ཚང་གིས་མི་མངགས་ཏེ་ཁོ་མོའི་ཕ་ཁྱིམ་ལ་ཡོང་ནས།ངེད་ཚང་གི་མནའ་མ་མྱུར་དུ་ཕྱིར་མི་སྤྲོད་ན་དཔའ་དང་དཔུང་བཙན་པོས་ཁྱེད་ཚང་བཅོམ་རྒྱུ་ཡིན་ཞེས་བཤད་པས།བུ་མོ་ལྷ་རིས་ཀྱི་ཨ་མ་སྐྲག་ནས་བུ་མོའི་རྗེས་བསྙེགས་ནས་བརྒྱུགས།ལམ་བར་ནས་ཟོག་རྫི་ཞིག་ལ་ཐུག་ནས་བུ་མོ་ལྷ་རིས་གར་སོང་དྲིས་པ་འདི་ལྟར།

ལུང་བ་ཕར་གའི་ཟོག་རྫི་ལགས།ཨོཾ་མ་ཎི་པདྨེ་ཧཱུཾ།

བུ་མོ་ལྷ་རིས་གང་ལ་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཞེས་དྲིས་བར།ཟོག་རྫིས་ཕྱིར་ལན་འདི་ལྟར་བཏབ།

ཨ་མ་ལོ་ལོ་དོན་འགྲུབ་མ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཨ་མ་ལོ་ལོ་བསམ་འགྲུབ་མ། ཨོཾ་མ་ཎི་པདྨེ་ཧཱུཾ།

བུ་མོ་ལྷ་རིས་དབུས་ལ་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྤྲིན་དཀར་ཞིག་གིས་བསྐྱལ་ནས་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྤྲིན་ནག་ཞིག་གིས་བསྒྲིབས་ནས་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཁྱི་གུ་དཀར་མོ་བཟུང་ནས་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

དེ་ནས་ཡང་ཕར་ལ་སོང་བ་ན་ལུག་རྫི་ཞིག་ལ་ཐུག་ནས་འདི་ལྟར་དྲིས།

ལུང་བ་ཕར་གའི་ལུག་རྫི་ལགས།ཨོཾ་མ་ཎི་པདྨེ་ཧཱུཾ།

བུ་མོ་ལྷ་རིས་གང་ལ་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཞེས་དྲིས་བར།ལུག་རྫིས་ཕྱིར་ལན་འདི་ལྟར་བཏབ།

ཨ་མ་ལོ་ལོ་དོན་འགྲུབ་མ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཨ་མ་ལོ་ལོ་བསམ་འགྲུབ་མ། ཨོཾ་མ་ཎི་པདྨེ་ཧཱུཾ།

བུ་མོ་ལྷ་རིས་དབུས་ལ་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྤྲིན་དཀར་ཞིག་གིས་བསྐྱལ་ནས་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྤྲིན་ནག་ཞིག་གིས་བསྒྲིབས་ནས་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཁྱི་གུ་དཀར་མོ་བཟུང་ནས་ཐལ། ཨོཾ་མ་ཎི་པདྨེ་ཧཱུཾ།

ལམ་གོང་མོ་མ་འབུད་སྤྱང་ལམ་རེད། ཨོཾ་མ་ཎི་པདྨེ་ཧཱུཾ།

ལམ་ཞོལ་མ་མ་འབུད་འདྲེ་ལམ་རེད། ཨོཾ་མ་ཎི་པདྨེ་ཧཱུཾ།

ལམ་བར་མ་དེད་ན་དབུས་ལམ་རེད། ཨོཾ་མ་ཎི་པདྨེ་ཧཱུཾ།

ཞེས་བཤད་པས་ཁོ་མོ་ཡང་བརྒྱུགས་ཏེ་སོང་བ་ན།རྟ་རྫི་ཞིག་དང་ཕྲད་པས་ཡང་བུ་མོ་ལྷ་རིས་གང་ལ་ཐལ་ཞེས་དྲིས་པ་ན་སྔོན་མ་ལྟར་ལན་བཏབ།

བུ་མོ་ལྷ་རིས་སོང་སོང་མཐར་ཆུ་བོ་ཆེན་པོ་ཞིག་དང་ཕྲད་པས་ཁོ་མོས་ཆུ་ཕར་ལོག་ཚུར་ལོག་བྱས་ནས་བུ་མོ་ང་ལ་ལམ་ཕྱེས།ཞེས་ལན་གསུམ་བརྗོད་པས་ན་ཆུ་ཆེན་དེ་མ་ཐག་ཏུ་ཕར་ལོག་ཚུར་ལོག་བྱས་ནས་ལམ་ཕྱེས་ཏེ་བུ་མོ་ལྷ་རིས་འགྲོ་རུ་བཅུག  ཁོ་མོས་ཨ་མ་ཆུ་ཁ་དེར་ཐོན་ནས་ཆུ་ཕར་ལོག་ཚུར་ལོག་བྱས་ནས་ཨ་མ་ང་ལ་ལམ་ཕྱེས།ཞེས་བཤད་ཀྱང་ཆུ་བོ་འགུལ་རྒྱུ་

མ་བྱུང་བས་ཆུ་ནང་དུ་ཤིང་དུམ་ཞིག་འཁུར་ཡོང་བཞིན་པ་མཐོང་ནས་དེ་ལ་འཇུས་ཏེ་ཆུའི་ཕ་རོལ་ཏུ་འགྲོ་ཐུབ་སོང་།

དེ་ནས་ཡང་་ཨ་མས་དབུས་ལམ་དེད་ནས་བརྒྱུགས་བརྒྱུགས་མཐར་བུ་མོ་མཐོང་ལམ་དུ་སྣང་དུས།བུ་མོ་ལྷ་རིས་ཀྱིས་སྐེ་ཡི་བྱུ་རུ་བླངས་ནས་ས་ལ་གཏོར།ཨ་མས་བྱུ་རུ་རེ་རེ་བཞིན་བཏུས་པས་ཁོ་གཉིས་ཀྱི་བར་ཐག་ཇེ་རིང་ལ་སོང་།བུ་མོའི་རྗེས་ཆོད་ས་མེད་པ་མཐོང་ནས་ཨ་མས་ངུ་ངག་དང་བཅས་བུ་མོའི་མིང་ནས་བཟུང་ཏེ་བོས།བུ་མོ་ལྷ་རིས་ཀྱིས་ཐོས་རྗེས་གོམ་པ་ཅུང་ཇེ་དལ་དུ་བཏང་སྟེ་ཨ་མ་རྗེས་སུ་ཆོད་དུ་བཅུག ཨ་མ་ཁོ་མོའི་མདུན་དུ་ཇན་པ་དང་ཕྱིར་ཡུལ་ལ་འགྲོ་ཞེས་ཅི་ལྟར་བཤད་ཀྱང་བུ་མོས་ཨ་མ་ལོ་ལོ་ང་དབུས་ལ་འགྲོ་བར་སེམས་ཐག་བཅད་ཟིན་པས་ཨ་མ་ཁྱེད་རང་ཕྱིར་ཡུལ་ལོག་ཞེས་ཞུ་བ་བྱས་ཏེ་ཨ་མ་ཕྱིར་ཡུལ་ལ་འགྲོ་རུ་བཅུག

ཁོ་མོས་དབུས་ནས་དགེ་བ་རྒྱ་ཆེར་བསྒྲུབས་ཤིང་དམ་པ་དུ་མའི་ཞབས་ལ་བསྟེན་ཏེ་སྒྲུབ་པ་མཛད་ནས་རྟོགས་པ་ཁྱད་པར་ཅན་ཐོབ།བུ་མོ་ལྷ་རིས་སོང་རྗེས་ཨ་ཕ་གཉེན་ཚང་གི་བསད།ཨ་མས་དེ་མཐོང་རྗེས་སེམས་སྡུག་མ་བཟོད་པར་ཉལ་སར་ལྷུང་སྟེ་ནམ་རྒྱུན་མིག་ཆུ་ཕྱིས་ནས་བསྡད་པས་གདོང་སྔས་རས་སུ་འབྱར་སོང་།དེ་ནས་ལོ་འགའ་འགོར་རྗེས་བུ་མོ་ལྷ་རིས་ཕྱིར་རང་ཡུལ་ལ་ལོག་སྟེ་སྒོ་ཁ་ནས་ཨ་མ་ཞེས་བོས།ཨ་མས་ཐོས་རྗེས་གློ་བུར་དུ་མགོ་ཡར་བཀྱགས་ཏེ་ངོ་པགས་བཤུས་ནས་འཁྱར་འཁྱོར་ངང་བརྒྱུགས་འོངས་ནས་ལྷས་རའི་ནང་གི་ཟོག་འདོགས་སྤྱད་ཀྱི་ནོར་རྡང་ལ་ཐོགས་ནས་སར་འགྱེལ་ཏེ་ཤི་སོང་།བུ་མོ་ལྷ་རིས་ཀྱིས་ཚུལ་དེ་མཐོང་ནས་འཇིག་རྟེན་འཁོར་བ་ལ་ལྷག་པར་ཏུ་ཞེན་པ་ལོག་སྟེ་རང་ཁྱིམ་ན་ར་མ་དཀར་མོ་ཞིག་ཡོད་པ་དེ་ཁྲིད་ནས་རྒོད་ཐང་དཀར་ཞིག་ཏུ་སྤྲུལ་ཏེ་དམེ་ཤུལ་ལུང་བའི་རྟ་སའི་ཐང་དང་ཉེ་བའི་བྲག་སྐྱིབས་ཅིག་ཏུ་སོང་ནས་ར་མའི་འོ་མར་བརྟེན་ནས་སྒྲུབ་སྦྱོང་མཛད་དོ།

 

 

 

 

 

 

འཚོལ་སྡུད་བྱ་ཡུལ།      འབར་རྩ་སྡེ་བའི་རིག་སྒྲོན།

འཚོལ་སྡུད་མི་སྣ།         བསོད་ནམས་སྒྲོལ་མ།  ཚེ་དབང་སྒྲོལ་མ

འཚོལ་སྡུད་དུས་ཚོད།   ༢༠༡༥ལོའི་ཟླ་བཅུ་བའི་ཚེས་༢ཉིན།