བྱ་ཁྱུང་དང་སྟག་ལུང་། གྱོ་མོ་གསུམ།

最后更新于:2018-08-26 16:26:57

རྨ་ལྷོ་བྱང་རྒྱུད་དུ་བྱ་ཁྱུང་དང་སྟག་ལུང་།གྱོ་མོ་བཅས་རི་མཐོན་པོ་གསུམ་ཡོད། དུས་ཡུན་རིང་པོའི་འཚོ་གནས་ཀྱི་རྒྱུད་རིམ་ཁྲོད་ས་དེ་གའི་དམངས་ཚོགས་རྣམས་ཀྱི་ཁྲོད་དུ་འདི་ལྟ་བུའི་ངག་རྒྱུན་ཞིག་དར་ཁྱབ་ཤིན་ཏུ་ཆེ།  སྔོན་གྱི་དབྱར་གཞུང་ཞིག་ལ་ལང་ཚོ་རབ་ཏུ་རྒྱས་པའི་བུ་མོ་སྐོར་ཞིག་བྱ་ཁྱུང་གི་འདབས་རོལ་དུ་ཕྱུགས་རྫི་བྱེད་དུ་སོང་།  ཁོ་ཚོས་གླུ་སྒྲ་སྙན་མོ་དབྱངས་ལ་གྱེར་ཏེ་རྩེད་འཇོ་རོལ་སྐབས་ཨ་མྱེས་བྱ་ཁྱུང་འཁོར་དང་བཅས་པ་ཕེབས་པ་དང་འཕྲད།  བུ་མོ་དེ་དག་གི་ཁྲོད་དུ་ཞལ་རས་དཀར་གསལ་ཟླ་བ་ལས་ཀྱང་ལྷག་པ། གསུང་དབྱངས་ཅོ་ཁའི་དྲུག་འགྱུར་བཞིན་དུ་སྙན་པ་ཞིག་ཡོད་པ་དེས་བྱ་ཁྱུང་གི་ཡིད་དབང་ཅིག་ཅར་འཕྲོག དེ་ནས་ཁོས་བློན་པོ་རིག་པ་ཅན་སྤྱན་གསུམ་པ་དེ་བུ་མོའི་རིགས་རུས་མཆེད་ཁུངས་རྩད་ཞིབ་ཏུ་མངགས། བློན་པོ་དེ་མ་ཐག་མདོག་སྡུག་པའི་རྒད་པོ་ཞིག་ཏུ་སྤྲུལ་ནས་བུ་མོ་རྣམས་ཀྱི་གམ་དུ་བཅར། རྒད་པོ་དེས་བཞིན་མི་སྡུག་པས་བུ་མོ་གཞན་རྣམས་གྱིས་ཁ་ཡ་མ་བྱས།  བུ་མོ་གྱོ་མོ་དེས་རུམ་ནས་ཟས་མང་ཤོས་ཤིག་བླངས་ནས་རྒད་པོ་ལ་བྱིན་པར་མ་ཟད་གར་འགྲོ་སོགས་ཀྱི་གནས་ཚུལ་དྲིས།   རྒད་པོས་ང་ནི་རི་འདིའི་འདབས་ན་བཞུགས་པའི་དཀའ་ཐུབ་པ་ཞིག་ཡིན། འདང་དགུང་རྨི་ལམ་ནང་དུ་རི་འདིའི་བདག་པོ་ཡིན་ཟེར་བའི་ཁྲབ་རྨོག་གྱོན་མཁན་གྱི་གཞོན་ནུ་ཞིག་རྨིས་ཏེ།  དེ་རང་རི་འདབས་སུ་བུ་མོ་ཡིད་ཏུ་འོང་བ་ཞིག་སླེབས་རྒྱུ་ཡིན་པས་དེའི་རིགས་རུས་སོགས་ཞིབ་ཏུ་དྲིས་ཤོག་ཅེས་གསུངས་བ་བཞིན་དེ་རང་གནས་འདིར་ཡོང་བ་ཡིན་ཞེས་བཤད།  དེ་ནས་བུ་མོས་ཀྱང་སྦ་གསང་མེད་པར་རང་གི་རིགས་རུས་སོགས་དྲང་པོར་བརྗོད།

ཕྱི་ཉིན་ཡང་བུ་མོ་རྣམས་སྔར་གྱི་གནས་དེར་ཕྱུགས་འཚོ་རུ་སོང་།  གྱོ་མོས་རྩེད་མོ་རྩེ་བ་ལ་སེམས་གཡེང་སོང་བས་འབྲི་མོ་བོར།  ཁོས་ཅི་ལྟར་བཙལ་ཡང་མ་རྙེད་པས་ཐང་ཆད་དེ་གཉིད་ལོག  རྨི་ལམ་དུ་གཞོན་ནུ་ཁྲབ་དཀར་གྱོན་ཞིང་རྟ་མཆོག་དཀར་པོར་ཞོན་པ་ཞིག་གིས་འབྲི་མོ་ཡོད་སའི་ཕྱོགས་སུ་འཛུམ་ཞགས་ཤིག་དང་བཅས་དེ་བསྟན།  གཉིད་སད་རྗེས་ཁོ་མོ་གསར་བུ་དེའི་བསྟན་པའི་གནས་དེར་ཕྱིན་པས་ན་ཆུ་འཐུང་བཞིན་པའི་འབྲི་མོ་རྙེད།  སྐབས་དེར་རྒྱང་རིང་ན་རྨི་ལམ་ནང་གི་གཞོན་ནུ་དེས་གཞས་ཆུང་ལེན་བཞིན་ཁོ་མོའི་མདུན་དུ་སླེབས། གཞོན་ནུས་རང་གི་མཚན་དང་འདོད་མོས་རྣམས་ལྷུག་པོར་བརྗོད་པས་བརྩེ་དུང་གི་མྱུ་གུ་དེ་ནས་འབུས།  ཁོ་གཉིས་ཐེངས་མང་པོར་ངོ་ཐུག་པས་གཅིག་སེམས་གཅིག་ཏུ་སྦྲེལ་ཏེ་མཐར་ཉིན་བཟང་སྐར་བཟང་ཞིག་ལ་སྟོན་མོ་རྒྱ་ཆེར་སྤེལ་ཏེ་བྱ་ཁྱུང་གི་མཁར་དུ་བསུས།

ཉིན་དེར་ཕྱོགས་བཞིའི་ཡུལ་ལྷ་གཞི་བདག་རྣམས་མགྲོན་དུ་བསུས་སྐབས་སྟག་ལུང་གྱོ་མོས་མཛེས་སྡུག་ལ་རབ་ཏུ་ཆགས།  ཕྱིར་ཕོ་བྲང་དུ་ལོག་ནས་བློན་པོ་རྣམས་ལ་གྱོ་མོ་གཡོ་ཐབས་ཀྱི་འཕྲོག་རྒྱུ་གྲོས་བྱས།  མཐར་ཁོ་ཚོས་བྱ་ཁྱུང་དང་གྱོ་མོ་གཉིས་སྟག་ལུང་གི་ཕོ་བྲང་དུ་གདན་འདྲན་ཞུས་ནས་བྱ་ཁྱུང་ཆང་གིས་བཟི་བར་བྱས་རྗེས་གྱོ་མོ་ཐབས་ཀྱི་འགོག་པའི་གྲོས་འཆམ།  ཕྱི་ཉིན་བྱ་ཁྱུང་དང་གྱོ་མོ་གཉིས་སྟག་ལུང་གི་ཕོ་བྲང་དུ་བསུས་ནས་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བསྒྲིགས་ཏེ་བསུས་པ་རྒྱ་ཆེར་བྱས། དེ་ནས་བྱ་ཁྱུང་འཁོར་གཡོག་དང་བཅས་བཟི་རྗེས་གྱོ་མོ་བཀག   མགྲོན་རྣམས་རང་གི་གནས་སུ་བསྐྱེལ།  བྱ་ཁྱུང་སད་པས་ན་གྱོ་མོ་མཐོང་རྒྱུ་མི་འདུག་པས་གཡོ་འོག་ཏུ་ཚུད་པ་རྟོག  དེའི་ཚེ་ཁྲོ་བའི་མེ་ལྕེ་རབ་ཏུ་འབར་ཏེ་དྲག་པའི་དམག་དཔུང་དང་བཅས་སྲིན་པའི་གནས་སུ་དྲངས། སྟག་ལུང་གིས་སྔར་ནས་རྟོགས་ཡོད་པས་གཡུལ་གྱི་ལས་ལ་གྲ་སྒྲིག་གང་ལེགས་བྱས། མཐར་གནམ་ས་འཐབ་པ་ལྟ་བུའི་འཁྲུག་པ་དེའི་ཁྲོད་བྱ་ཁྱུང་ཕམ། བཙུན་མོ་ཕྱིར་འཕྲོག་མ་ཐུབ། ཉིན་ཞིག་ལ་ཨ་མྱེས་བྱ་ཁྱུང་སྤྲང་བོ་ཞིག་ཏུ་བརྫས། མདུང་རིང་ཁམས་གསུམ་དགྲ་འདུལ་ལག་རྟེན་དུ་སྤྲུལ། མདའ་གཞུ་དགྲ་བོའི་སྲོག་འཇོམས་སྐྱེར་མདའ་སྐྱེར་གཞུར་སྤྲུལ། ངང་དཀར་རྟ་མཆོག་ཁྱི་མོར་སྤྲུལ་ཏེ་སྟག་ལུང་ཕོ་བྲང་གི་ཉེ་སར་སྦས་ནས་བསྡད། ཉིན་དེར་སྟག་ལུང་གིས་གཡུལ་རྒྱལ་གྱི་སྟོན་མོ་རྒྱ་ཆེར་བཤམས་པ་དང་བསྟུན་ཨ་མྱེས་བྱ་ཁྱུང་གིས་མདའ་མོ་གཞུ་ལ་སྦྱར་ཏེ་དགྲ་བོས་གཙུག་ལ་བཏང་། འཁོར་དམག་དཔུང་འགའ་གཤགས་རྗེས་མདའ་མོས་སྟག་ལུང་གི་རྨོག་འཕྲུ་བཅད། རི་དེར་མགོ་མེད་པ་ནི་དེའི་དོན་ཡིན་པར་བརྗོད། མདའ་གཉིས་པ་འཕངས་པས་ནང་བློན་འགའ་ཕྱི་མའི་ལམ་ལ་བརྫངས་པ་དང་སྟག་ལུང་གི་ཕོ་བར་ཕོག་སྟེ་སྒྱུ་མ་ལུག རི་སྐེད་ཞིག་ན་རྩྭ་རྩི་ཤིང་མི་མཐོང་བ་ནི་དེ་ལྟར་འདོད། སྐབས་དེར་སྟག་ལུང་ཞེ་སྤོ་གཏིང་ནས་ལངས་ཏེ་མདའ་ལན་མདའི་སྤྲད་པ་ན་ཨ་མྱེས་བྱ་ཁྱུང་ཕྱིར་ཕོ་བྲང་གི་ཕྱོགས་སུ་བྲོས།

སྟག་ལུང་གིས་ཕྱིར་མདའ་མོ་ལན་གསུམ་འཕངས་པས་སྔ་མ་གཉིས་ཀྱིས་བྱ་ཁྱུང་གི་འཁོར་དམག་མང་པོ་ལྔ་བའི་ལམ་ལ་བསྐྱེལ། ཕྱི་མས་མཛོད་ཁང་ལ་ཕོག་སྟེ་ནོར་ལོངས་སྤྱོད་གང་མང་དང་འཁོར་གཡོག་གང་མང་རྩ་མེད་བཏང་། རྗེས་སུ་སྟག་ལུང་གིས་གྱོ་མོ་རྒྱབ་ཏུ་སྐུང་པས་ཕྱི་མ་སྔ་མ་ལས་མཐོ་བར་གྲགས། དེ་ཡང་ཡུལ་འདིའི་ཁ་དཔེ་ལ་ཕོ་མགོ་མི་མཐོ་མོ་མགོ་མཐོ། མོ་མགོ་ཨ་མ་གྱོ་མོ་མཐོ་ཞེས་བརྗོད། རྒྱུ་འདི་དག་གིས་ཕྱིས་སུ་ཨ་མྱེས་བྱ་ཁྱུང་གིས་སྟག་ལུང་ལ་རྒྱབ་གཏད་དེ་ཁྲི་ཀའི་ཕྱོགས་སུ་འཁོར། དེ་ཡང་ཁ་དཔེ་ལ་ཁ་ཁྲི་ཀའི་ཕྱོགས་སུ་འཁོར་རུང་སེམས་རེབ་གོང་གཞུང་ན་ཡོད་ཞེས་བཤད་སྲོལ་འབྱུང་ངོ་།།