བྱང་ཆུབ་སེམས་དཔའ་དང་སྡུག་འཐུང་།

最后更新于:2018-08-26 15:24:01

གནའ་སྔ་མོ་སྔ་མོ་ཞིག་ལ་རྒྱལ་ཁབ་ཞིག་ན་རྒྱལ་བོ་ཞིག་ཡོད།  རྒྱལ་བོ་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་་དང་།  བཙུན་མོ་ཆེ་བ་ནི་བཙན་པོ་གཏུབ་སྤྱོད་ཅན་ཞིག་ཡིན་པ་དང་།   བཙུན་མོ་ཆུང་བ་ནི་བྱམས་སྙིང་རྗེ་ཆེ་ལ་གཤིས་རྒྱུད་འཇམ་ཞིང་དུལ་བ་ཞིག་ཡིན་པ་རེད།   ཉིན་ཞིག་རྒྱལ་བོ་ཚང་གི་གུང་ཚིགས་བཞེས་པའི་སྐབས་སངས་རྒྱས་ཤྰཀྱ་ཐུབ་པའི་ན་བཟའ་བཀླུབས་པའི་རྗེས་འཇུག་པ་གྲྭ་བ་ཞིག་གིས་ཁོ་ལ་ཡང་གུང་ཚིགས་སློང་ཞེས་བཤད།  བཙུན་མོ་ཆེ་བས་ཁ་ཡ་མ་བྱས་པར་བསྡད།   བཙུན་མོ་ཆུང་བ་བྱམས་སྙིང་རྗེ་དང་དད་པ་ཚད་མེད་སྐྱེས་ནས་རྒྱལ་བོའི་ཁ་ཟས་ནང་ནས་སྣ་ཁ་གསུམ་བླངས་ནས་གྲྭ་བར་ཕུལ།  གྲྭ་བ་ཟས་ལོངས་སྤྱོད་ཀྱི་ཡིད་འཚིམ་རྗེས་བཙུན་མོ་ཆུང་བ་འདི་ལྟར་བཤད།   སང་ལོའི་ད་ཚོད་ལ་ཁྱོད་ལ་བུ་ཞིག་སྐྱེས་པ་དང་བུའི་མིང་ལ་བྱང་ཆུབ་སེམས་དཔའ་ཐོགས། བཙུན་མོ་ཆེ་བ་ལ་ཡང་བུ་སྐྱེས་པ་དང་དེའི་མིང་ལ་སྡུག་འཐུང་ཐོགས་ཞེས་བཤད།   དེ་ནས་བཙུན་མོ་ཞུ་བར་སོང་ནས་རྒྱལ་བོ་ལ་དེ་ལྟར་བཤད།   རྒྱལ་བོས་ཐུགས་ཤིན་ཏུ་རྒྱས་ནས་གྲྭ་བ་ཡོད་སའི་གནས་དེར་ཡོང་ནས་བལྟས་པ་ན།  གྲྭ་བ་ནི་གར་སོང་ཆ་མེད་དུ་གྱུར།  

ལོ་གཅིག་གི་རྗེས་སུ་བཙུན་མོ་ཆུང་བ་ལ་བུ་ཞིག་སྐྱེས་པ་དང་བུའི་མིང་ལ་བྱང་ཆུབ་སེམས་དཔའ་བཏགས།   བཙུན་མོ་ཆེ་བ་ལ་ཡང་བུ་སྐྱེས་པ་དང་དེའི་མིང་ལ་སྡུག་འཐུང་བཏགས།   

ལོ་བཅོ་བརྒྱད་ཀྱི་རྗེས་སུ་བྱང་ཆུབ་སེམས་དཔའ་དང་སྡུག་འཐུང་ཡང་གཉོམ་ལག་རྒྱས་ནས་ཕོ་རྒོད་སྟག་འདྲ་དང་ཁྱུང་འདྲ་བ་གཉིས་སུ་གྱུར།  བྱང་ཆུབ་སེམས་དཔས་ཡབ་རྒྱལ་བོ་ལ་ཁོ་རྒྱ་མཚོའི་ཕ་རོལ་ལ་ནོར་བུ་བཙལ་བར་འགྲོ་རྒྱུ་ཡིན་ཞེས་ཡར་ཞུ་བྱས་པས།   སྡུག་འཐུང་གིས་ཁོ་ཡང་འགྲོ་རྒྱུ་ཞེས་ཡར་ཞུ་བྱས་པས་རྒྱལ་བོ་འཐད་པ་བྱུང་ནས་ཁོ་གཉིས་འགྲོ་རུ་བཅུག

ཁོ་གཉིས་སོང་སོང་ནས་རྒྱ་མཚོ་ཆེན་པོ་ཞིག་གིས་ལམ་བཀག    རྒྱ་མཚོ་བརྒལ་བར་གྲུ་ལ་བརྟེན་དགོས་པ་དང་།  གྲུ་བས་ཁོ་ཚོར་བཤད་རྒྱུར།  གལ་ཏེ་མཐུན་པའི་རླུང་གཡུག་ཚེ་ང་ཚོ་བདེ་འཇགས་ཀྱི་ངང་ཕ་རོལ་ལ་ཐོན་ཐུབ་པ་དང་།   མི་མཐུན་པའི་རླུང་གཡུག་ཚེ་ང་ཚོ་ཚང་མའི་རོ་རྒྱ་མཚོར་སྦས་དགོས་པས་ཞེན་ཆགས་ས་ཡོད་ན་ཕ་རོལ་ལ་འགྲོ་རྩིས་མ་བྱེད།   ཞེན་ཆགས་ས་མེད་ན་གྲུ་ནང་ལ་བུད་དང་འགྲོ་ཞེས་བཤད།   དེ་བས་བྱང་ཆུབ་སེམས་དཔའ་དང་སྡུག་འཐུང་ཐེ་ཚོམ་སྤུད་ཙམ་ཡང་མེད་པར་གྲུ་ནང་ལ་བུད།   ཉིན་མང་ཙམ་འགོར་རྗེས་ཁོ་ཚོ་ཕྱིའི་རྒྱ་མཚོའི་ཕ་རོལ་ལ་ཐོན།  ནོར་བུ་ཡང་མང་པོ་རྙེད་པ་དང་དེ་ནས་ཕྱིར་ཡོང་བའི་ལམ་ལ་ཞུགས། ཡོང་ཡོང་ནས་སྔོན་གྱི་རྒྱ་མཚོ་ཆེན་པོ་དེར་ཐུག    རྒྱ་མཚོ་བརྒལ་བར་ཡང་གྲུ་ལ་བརྟེན་དགོས་པ་དང་།  གྲུ་བས་ཁོ་ཚོར་བཤད་རྒྱུར།  གལ་ཏེ་མཐུན་པའི་རླུང་གཡུག་ཚེ་ང་ཚོ་བདེ་འཇགས་ཀྱི་ངང་ཕ་རོལ་ལ་ཐོན་ཐུབ་པ་དང་།   མི་མཐུན་པའི་རླུང་གཡུག་ཚེ་ང་ཚོ་ཚང་མའི་རོ་རྒྱ་མཚོར་སྦས་དགོས་པས་ཞེན་ཆགས་ས་ཡོད་ན་ཕ་རོལ་ལ་འགྲོ་རྩིས་མ་བྱེད།   ཞེན་ཆགས་ས་མེད་ན་གྲུ་ནང་ལ་བུད་དང་འགྲོ་ཞེས་བཤད།  ཐེངས་དང་པོར་བདེ་འཇགས་ཀྱི་ཕ་རོལ་ལ་བརྒལ་བས་ཁོ་ཚོ་སྐྲག་སྣང་ཅི་ཡང་མེད་པར་གྲུ་ནང་ལ་བུད།   ཡུན་ཙམ་འགོར་རྗེས་རྒཡ་མཚོའི་སྟེང་རླུང་ནག་འཚུབ་མ་འཁོར།   འབྲུག་སྒ་ལྡིར་ལྡིར་གྲགས།   རྦ་རླབས་ནམ་མཁར་འཁོར་ནས་ཁོ་ཚོའི་གྲུ་གཏོར།  བྱང་ཆུབ་སེམས་དཔའ་དང་སྡུག་འཐུང་གྲུའི་ཤིང་ལེབ་ཞིག་འཇུས་ནས་བསྡད་པས་ཉིན་ཞག་གསུམ་འགོར་རྗེས་རྒྱ་མཚོའི་ཕ་རོལ་ལ་ཐོན།   ཁོ་གཉིས་ལུས་ཟུང་ཟད་ནས་བྱེ་མའི་ཐང་ལ་ཉལ་ནས་བསྡད།  གློ་བུར་དུ་སྡུག་འཐུང་ཡར་ལངས་ནས་ཚར་མ་ཞིག་བཟུང་ནས་བྱང་ཆུབ་སེམས་དཔའི་མིག་ནང་ལ་འཛར།   དེ་ནས་ཁོ་གཅིག་པུ་རྒྱལ་སར་སོང་ནས་བྱང་ཆུབ་སེམས་དཔའ་རྒྱ་མཚོའི་ནང་ལ་གཏིང་སོང་ཅེས་བཤད།   

མིག་ནང་ཚར་མ་འཛར་བའི་བྱང་ཆུབ་སེམས་དཔའ་ནི་ན་ཟུག་གི་མ་བཟོད་པར་བྱེ་མའི་ཐང་ནས་ཉལ་ནས་བསྡད་།    དེའི་ཐག་ཉེ་ས་ན་ས་འདིའི་རྒྱལ་བོའི་སྲས་མོ་གླང་ཆེན་ཞིག་ལ་བཅིབས་ནས་སྤྲོ་གསེང་ལ་འགྲོ་བཞིན་ཡོད།   གློ་བུར་དུ་གླང་ཆེན་དེས་རྒྱུགས་ཡོང་ནས་བྱང་ཆུབ་སེམས་དཔའི་མིག་ལ་ལྕེ་བདག་བྱས་བྱས་ནས་མིག་ནང་གི་ཚར་མ་བླངས་པས་མིག་ཡང་དྲག   དེ་ནས་སྲས་མོའི་བྱང་ཆུབ་སེམས་དཔའ་ནི་ཡ་རབས་ཚུལ་དང་ལྡན་པ་ཞིག་ཡིན་པ་རྟོགས་ནས་དེའི་ཆུང་མ་བྱས།   བྱང་ཆུབ་སེམས་དཔས་ཁོའི་གནས་ཚུལ་ཚང་མ་སྲས་མོར་བཤད་པ་དང་།    ཁོ་གཉིས་གཉེན་སྒྲིག་སྐབས་མཉམ་དུ་ཕྱིར་བྱང་ཆུབ་སེམས་དཔའི་རྒྱལ་སར་སོང་བ་དང་ནུ་བོ་རྫུན་གཏོར་ནས་ཆད་པ་བཅད།    ཡབ་རྒྱལ་བོས་རྒྱལ་ས་བྱང་ཆུབ་སེམས་དཔའ་ལ་སྤྲད།    ཁོ་གཉིས་ལ་གཉེན་སྟོན་རྒྱ་ཆེན་པོ་སྤེལ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་པ་རེད།