བྱིའུ་ཉུང་སོན་སྐྱུག་མཁན།

最后更新于:2018-08-26 15:25:18

གནའ་སྔ་མོའི་དུས་སུ་ཡུལ་ཞིག་ན་ཁྱིམ་མཚེས་དབུལ་པོ་ཞིག་དང་ཕྱུག་པོ་ཞིག་ཡོད། ཁྱིམ་ཚང་གཉིས་ཀར་ཕྲུ་གུ་བུ་ཧ་ཅང་མང་པོ་ཡོད་པ་ལས། དབུལ་པོའི་ཁྱིམ་ཚང་དེའི་ཕྲུ་གུ་བུ་རྣམས་ཕ་མས་སྐྱེ་འགྲོ་ཀུན་ལ་བྱམས་དང་སྙིང་རྗེ་སྒོམ་དགོས་ཚུལ་བསླབ་བྱ་བྱེད་པ་དང་། ཕྱུག་པོའི་ཁྱིམ་དེའི་ཕྲུ་གུ་བུ་རྣམས་ལ་ཕ་མས་ཆུང་དུས་ནས་མདའ་རྩལ་སོགས་ཕོ་རྩལ་སྣ་དགུར་བྱང་ཆུབ་པ་དགོས་ཚུལ་གྱི་བསླབ་བྱ་བྱེད་ཀྱི་ཡོད་ཅིང་། དབུལ་པོའི་ཁྱིམ་ཚང་དེའི་ཕྲུ་གུ་བུ་རྣམས་དང་ཕྱུག་པོའི་ཁྱིམ་ཚང་དེའི་ཕྲུ་གུ་བུ་རྣམས་གཤིས་ཀ་ཐ་དད་ཡིན་ཞིང་། དབུལ་པོའི་བུ་རྣམས་ཉིན་ལྟར་རི་ལ་མེ་ཤིང་བསྒྲུགས་ནས་དེ་བཙོངས་པའི་རིན་འབབ་ཀྱིས་འཚོ་བ་འཁྱོལ་ཐབས་བྱེད་པ་དང་། ཕྱུག་པོའི་བུ་རྣམས་ཉིན་ལྟར་བྱིའུ་གསོད་པ་སོགས་རྩེད་འཇོར་རོལ་ནས་བསྡད་པ་ཡིན། ཉིན་ཞིག་དབུལ་པོའི་ཁྱིམ་ཚང་དེའི་ཕྲུ་གུ་རྣམས་རི་ལ་མེ་ཤིང་སྒྲུག་པར་འགྲོ་སྐབས་བྱིའུ་རྐང་ཆག་གཅིག་འཕུར་མི་ཐུབ་པར་བསྡད་ཡོད་པ་མཐོང་བས་ཁོང་ཚོས་བྱིའུ་དེ་ཁྱིམ་དུ་ཡོང་སྟེ་ཟས་ལྷག་ཕྱིན་ནས་ཉིན་ཤས་གསོས། ཉིན་ཞིག་བྱིའུ་དེས་ཉུང་སོན་མང་པོ་བསྐྱུགས། ཕྲུ་གུ་ཚོས་བྱིའུས་བསྐྱུགས་པའི་ཉུང་སོན་རྣམས་ཨ་མར་བསྟན་པ་ན། ཨ་མས་ཉུང་སོན་རྣམས་ཞིང་ཁའི་ནང་བཏབ། དེ་ནས་ཉིན་འགའ་སོང་བའི་མཚམས་ལ་ཞིང་ཁར་ལྟ་བའི་ཚེ་ཉུང་མ་ཆེ་བ་ནི་རྫ་མ་ཙམ་དང་། ཆུང་བ་ནི་རྫ་ལུ་ཙམ་དུ་སྐྱེས། དབུལ་པོའི་ཁྱིམ་ཚང་དེས་ཉུང་མ་ཆེ་བ་རྣམས་སོ་སོའི་བཟའ་བཅར་ཚགས། ཆུང་བ་རྣམས་འཚོང་བར་བྱས་པས་ཡུན་རིང་མ་སོང་བར་ཁྱིམ་ཚང་དེ་ལྟོ་གོས་ཐད་སེམས་ཁྲལ་མི་དགོས་པར་གྱུར། ཁྱིམ་ཚང་ཕྱུག་པོ་དེའི་ཨ་མས་ཁྱིམ་མཚེས་དབུལ་པོ་དེ་ཕྱུག་པོ་ཆགས་པའི་གནས་ཚུལ་ལ་ཡ་མཚན་སྐྱེས་ཏེ། ཡང་སྙིང་ཇི་ལྟར་བྱས་ནས་ཕྱུག་པོ་ཆགས་པའི་སྐོར་སྐད་ཆ་དྲིས་ཙ་ན། ཁྱིམ་ཚང་དབུལ་པོའི་ཨ་མ་ནི་གཞུང་དྲང་ལ་ཁ་སངས་པོ་ཞིག་ཡིན་སྟབས་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་ཕྱུག་པོའི་ཨ་མར་བཤད། ཁྱིམ་མཚེས་ཕྱུག་པོ་དེས་ཁྱིམ་མཚེས་དབུལ་པོ་ཕྱུག་པོ་ཆགས་པར་ལྷག་ཏུ་ཆགས་སྡང་སྐྱེས་ཏེ་སོ་སོའི་ཁྱིམ་ཚང་ལའང་བྱིའུ་རྐང་ཆགས་དེ་ལྟ་བུ་བྱུང་ན་ཅི་མ་རུང་སྙམ། ཁྱིམ་མཚེས་ཕྱུག་པོའི་ཨ་མས་སོ་སོའི་ཕྲུ་གུ་རྣམས་ལ་ཁྱིམ་མཚེས་དབུལ་པོ་དེ་ཕྱུག་པོ་ཇི་ལྟར་ཆགས་ཚུལ་རྣམས་སྒྲུང་བཤད་པ་ལྟར་བཤད་པ་མ་ཟད། ཕྲུ་གུ་བུ་རྣམས་ཉིན་ལྟར་རི་ལ་མེ་ཤིང་སྒྲུབ་པར་བཏང་ནས་བྱིའུ་རྐང་ཆག་ཅིག་མཐོང་རྒྱུ་འདུག་མི་འདུག་ཡག་པོ་ལྟོས་ཞེས་བཤད། ཁྱིམ་ཚང་ཕྱུག་པོའི་བུ་རྣམས་རི་ལ་མེ་ཤིང་སྒྲུག་པར་ཐེངས་མང་པོ་ཕྱིན་ནའང་བྱིའུ་རྐང་ཆག་གཏན་ནས་མ་མཐོང་པས། ཉིན་ཞིག་ཁོང་ཚོས་བྱིའུ་ཞིག་ལ་རྡོ་གཞུས་ཏེ་རྐང་པ་བཅག་རྗེས་ཚུར་བཟུང་ནས་ཁྱིམ་དུ་ཁྱེར་ཡོང་བ་དང་ཨ་མར་སྤྲད་པས་ཨ་མས་བྱིའུ་དེར་ཉིན་ལྟར་ཟས་ལྷག་བྱིན་ནས་མི་བྱམས་བྱམས་ཁུལ་བྱས་ནས་གསོས། ཡང་བྱིའུ་དེས་ཀྱང་ཉུང་སོན་མང་པོ་བསྐྱུགས་པས། ཕྱུག་པོའི་ཁྱིམ་ཚང་གི་ཨ་མ་དེ་དགའ་ཐག་ཆོད་ནས་ཉུང་སོན་རྣམས་ཞིང་ཁར་བཏབ། ཡང་ཉིན་འགའ་སོང་ནས་ཉུང་མ་ཆེ་བར་རྫ་མ་ཙམ་དང་ཆུང་བར་རྫ་ལུ་ཙམ་ཧ་ཅང་མང་པོ་སྐྱེས་པས། ཁོང་ཚོ་དེ་བས་དགའ་སྟེ་ཉུང་མ་རྣམས་ཁྱིམ་ཏུ་དབོར་ནས་གཏུབས་པས། ཉུང་མ་རེ་རེནས་ཕྲུ་གུ་གཉིས་གསུམ་ཙམ་རེ་ཐོན་ནས། ཨ་མ་ང་ལ་ཟས་བྱིན་དང་། ཨ་མ་ང་ལ་ཤ་སྟེར་དང་། ཨ་མ་ང་ལ་མར་སྟེར་དང་། ཞེས་སོགས་ལྟོགས་ཅོར་བརྒྱབ་སྟེ། ཕྱུག་པོའི་ཁྱིམ་ཚང་གི་ཤ་མར་དང་འབྲུ་རིགས་ཚང་མ་ཧབ་ཐོབ་ཤིག་ཤིག་གིས་བཟས་པ་ལ་བརྟེན་རིང་པོར་མ་ཐོགས་པར་ཁྱིམ་ཚང་ཕྱུག་པོ་དེ་དབུལ་པོར་གྱུར་བ་རེད།