བྱིས་པ་དོན་འགྲུབ་དང་རི་བོང་སྐལ་བཟང་།

最后更新于:2018-08-26 15:43:45

སྔོན་ཆད།  ས་ཆ་ཞིག་ན་མིང་ལ་དོན་འགྲུབ་ཟེར་བའི་བྱིས་པ་ཆུང་ཆུང་ཞིག་ཡོད་ལ།  ཁོ་རང་འདུག་སའི་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན།  འོན་ཀྱང་།  ཡུལ་དེ་གའི་མི་མང་ཆེ་བ་གྲོང་ཁྱེར་ལ་གནས་སྤོས་སོང་བས།  བྱིས་པ་དོན་འགྲུབ་ལ་ཉིན་རྒྱུན་རྩེད་རོགས་ལ་རང་གཅིག་པུ་མེ་ཏོག་མང་ས་དང་གཙང་བོའི་འགྲམ་ནས་ཁེར་རྩེད་བྱས་བཞིན་བྱིས་དུས་རོལ་གྱིན་ཡོད།  ཡང་ས་ཆ་དེའི་རི་མགོ་ན་སྙིང་རྗེ་པའི་རི་བོང་ཆུང་ཆུང་ཞིག་རང་གི་ཕ་མ་དང་མིང་སྲིང་ཚོར་ཁ་འཐོར་ནས་རྫ་མགོ་དེ་ན་ཁེར་རྐྱང་དུ་ལུས་ཡོད།

ཉིན་ཞིག་ལ།   ཉི་མ་ཧ་ཅང་དྲོད།  ནམ་མཁའ་ཡ་དག་ཞིང་ བྱིས་པ་དོན་འགྲུབ་ཀྱིས་རང་གི་རྩེད་ཆས་དག་ཁུག་མ་ཆུང་ཆུང་ཞིག་གི་ནང་ལ་བསྡུ་གསོག་བྱས་ནས་རང་གི་རྩེད་ར་དེར་འགྲོ་མགོ་བརྩམས།  ཁོས་གླུ་ཆུང་ལྡབ་ལྡིབ་ཞིག་ངག་ལ་གྱེར་ཞོར་རྐང་ལམ་ཕྲ་མོ་དེ་རྒྱུད་ནསརྩེར་སོང་།  ཉི་མ་དེར་རི་བོང་སྐལ་བཟང་ཡང་སྐྱོ་བསང་ལ་རི་མགོ་ནས་རི་འདབས་ལ་ཡོང་ཀྱིན་ཡོད།  ཁོས་དེ་རིང་གི་ཉི་མ་བཟང་བོ་འདིར་བསྟེན་ནས་རང་གི་སྐྱོ་བ་དག་བསང་བར་བྱེད་འདོད་པ་རེད།  རི་བོང་མཆོངས་ལྡིང་བྱེད་བཞིན་བྱེད་བཞིན་ཆུ་འཕྲན་ཆུང་ཆུང་ཞིག་གི་འགྲམ་ལ་ཐོན།  རི་བོང་རི་མགོ་ནས་རི་འདབས་ལ་ཡོང་བར་ཐག་རིང་ལ་གནམ་གཤིས་ཀྱང་ཚ་བས།  ཆུ་ཧབ་འགའ་འཐུང་ནས་སྔོན་གྱི་བྱ་བ་དག་ལ་བསམ་གཞིག་བྱེད་བའི་སྐབས་སུ།  ཁོས་གློ་བར་དུ་སྒྲ་ཞིག་ཐོས་བྱུང་།  བྱིས་པ་ཞིག་གིས་བྱིས་གླུ་སྙན་མོ་ཞིག་ལེན་གྱིན་འདུག  རི་བོང་སྐལ་བཟང་དལ་མོར་སོང་ནས་བལྟས་པ་ན།  བྱིས་པ་ཆུང་ཆུང་ཞིག་གིས་གཅིག་པུར་རྩེད་མོ་རྩེ་བཞིན་འདུག  རི་བོང་སོང་ནས་དོན་འགྲུབ་ལ་ ༼ ཨ་རོ།  བྱིས་པ་ཆུང་ཆུང་།  ཁྱོས་འདི་ན་ཅི་ཞིག་བྱེད་གྱིན་ཡོད།  ཁྱོར་འདི་འདྲའི་རྩེད་ཆས་མང་པོ་མང་པོ་ཞིག་འདུག་མོད།  འོན་ཀྱང་རྩེད་རོགས་མེད་ནས། ༽  ཞེས་བྱིས་པ་དོན་འགྲུབ་ལ་དྲིས།  དོན་འགྲུབ་ཀྱིས་རང་ལ་རྩེད་རོགས་མེད་པའི་རྒྱུ་རྐྱེན་རེ་རེ་བཞིན་བཤད། ཡང་དོན་འགྲུབ་ཀྱིས་རི་བོང་ལ་༼ རི་བོང་བློ་ལྡན།  ཁྱོད་དེ་རིང་རི་མགོ་ནས་རི་འདབས་ལ་ཅི་ཞིག་བྱེད་དུ་ཡོང་བ་ཡིན། ༽ཞེས་དྲིས་པ་ན།  རི་བོང་གིས་ལམ་སང་རང་གི་གནས་ཚུལ་མ་གསང་བར་དྲང་མོར་བྱིས་པ་དོན་འགྲུབ་ལ་བཤད།  འདི་ལྟར་ཁོ་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱས།  བྱིས་པ་དོན་འགྲུབ་ཀྱིས་རི་བོང་སྐལ་བཟང་ལ་བདག་སྐྱོང་བྱེད་མཁན་དང་སེམས་གཏམ་གླེང་ས་མེད་པ་ཤེས་ནས། རི་བོང་སྐལ་བཟང་ལ་གྲོགས་སྒྲིག་ནས་རོགས་རམ་བྱེད་རྒྱུའི་འདུན་པ་སྐྱེས།  ཁོས་༼ རི་བོང་བློ་ལྡན།  ངས་ཁྱོར་གྲོགས་སྒྲིག་ན་འདོག་པས་ཨེ་ཆོག་གི ༽ཞེས་བཤད།  རི་བོང་སྐལ་བཟང་གིས་ཚིག་དེ་གོ་མ་ཐག་དགའ་སྤྲོ་ཆེན་པོས་བྱིས་པ་ལ་འཐམ་ཞོར།  ༼ ལོས་ཆོག  ལོས་ཆོག ངས་ཀྱང་དེ་འདྲ་ཞིག་འདོད་ཡོད།  དེ་རིང་ནས་འེ་གཉིས་བློས་ཐུབ་ཀྱི་གྲོགས་པོ་ཡིན། ༽ཞེས་སྐད་སང་ཐོན་བཤད།  འདི་ལྟར་ཁོ་གཉིས་གྲོགས་པོ་བཟང་བོར་གྱུར་ནས་ནམ་རྒྱུན་གཙང་བོ་དེའི་འགྲམ་ན་དགའ་དགའ་སྤྲོ་སྤྲོས་སེམས་གཏམ་གླེང་བཞིན་ཆུང་དུས་ཀྱི་རྩེད་ར་ན་མི་ཚེ་ཡི་དགའ་བ་ལོངས་སྤྱོད་བྱེད་བཞིན་ཡོད།