བྱེའུ་སྒྲོ་ཁྲ་དང་བྱེའུ་སྒྲོ་སེར།

最后更新于:2018-08-26 16:27:26

སྔོན་གྱི་དུས་སུ་ས་ཆ་ཞིག་ན་བྱེའུ་སྒྲོ་ཁྲ་ཞིག་དང་བྱེའུ་སྒྲོ་སེར་གཉིས་ཡོད། ཁོ་གཉིས་ཀྱིས་མནའ་སྐྱེལ་ཏེ་སྤུན་སྒྲིག་ཅིང་སྡོང་བོ་གཅིག་གི་མགོ་ནས་ཚང་བཅས་ཏེ་སྒོང་རུམ་རྒྱུར་གྲོས་ཐག་བཅད། བྱེའུ་སྒྲོ་ཁྲས་སྲིང་མོ་ལགས། ངས་ཡལ་གའི་རྩེ་ནས་ཚང་བཅའ། ཁྱོས་ཡལ་གའི་ཞོལ་ནས་ཚང་བཅས་ན་ཅི་འདྲ་རེད་ཅེས་དྲིས་པར། བྱེའུ་སྒྲོ་སེར་མ་དགའ་བས། ཅིའི་ཕྱིར་ཁྱོད་ཀྱི་ཚང་ཡལ་གའི་རྩེར་བཅའ་དགོས་ཤིང་ངའི་ཚང་ཡལ་གའི་ཞོལ་དུ་བཅའ་དགོས་པ་རེད་ཅེས་དྲིས་པར། བྱེའུ་སྒྲོ་ཁྲས་སྲིང་མོ་ལགས། ངས་ཁྱོད་ལ་བཟང་བཅས་པ་ཡིན། ཁྱོད་ལོ་ན་ཆུང་བས་གཉིད་ཡུར་སླ། ང་གཟབ་ནན་ཅན་ཞིག་ཡིན་པས་དེ་ལྟ་མིན། ངས་ཀླད་དུ་ཚང་བཅས་ན་རྐུན་ཇག་འདྲ་ཡོང་ནས་སྒོ་ང་བརྐུ་གྲབས་བྱེད་ཚེ། ངས་མཐོང་འགྲོ་བ་དང་དེ་ཕར་བསྐྲོད་ཐུབ་པ་མ་རེད་དམ་ཞེས་ཟེར། བྱེའུ་སྒྲོ་སེར་གྱིས་གཏམ་དེ་ཐོས་མ་ཐག་སེམས་ཤིན་ཏུ་འགྱོད་དེ་རྟབ་རྟབ་པའི་ངང་ཨ་ཅེ་ལགས། ཁ་དྲོ། ཁ་དྲོ་ཞེས་ཡང་ཡང་ཟེར་ཞིང་། རང་གི་ཚང་དེའང་འོག་ནས་བཅོས།

ཁོ་གཉིས་ཀས་སྒོ་ང་རུམ་ནས་མ་རུ་འགྱུར་བར་རེ་སྒུག་བྱས་ཏེ་སེམས་པ་ཡང་དགའ་སྐྱིད་ཀྱི་ཁེངས་འདུག ཉིན་ཞིག་ལ་བྱེའུ་སྒྲོ་ཁྲས་སྲིང་མོ་ལགས། ཁྱོད་རང་ཕྱིར་རྒུན་བུ་འཐུ་རུ་སོང་དང་ངས་ཡུལ་སྲུང་ནས་འདུག་ཅེས་ཟེར་བས།བྱེའུ་སྒྲོ་སེར་གྱིས་ཅུང་མ་དགའ་བའི་མདངས་ཀྱིས་ཁྱེད་རང་ཡུལ་ནས་འདུག་དགོས་པ་དང་ང་ཕྱི་ལ་འགྲོ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་བརྗོད། བྱེའུ་སྒྲོ་ཁྲས་ཁྱེད་ཀྱིས་ངའི་བསམ་པ་དཀར་བོའི་སྟེང་ལ་དྲེག་པ་མ་བསྐུ། ཁ་དཔེ་ལ་རི་བོང་ཁལ་མར་ཉན་ན། བོང་བུ་གསོས་ནས་ཅི་བྱེད་ཅེས་པ་ལྟར། གལ་ཏེ་ཁྱེད་རང་ལ་ཚང་སྲུང་བའི་ནུས་རྩལ་ལྡན་ན་ང་འདི་ནས་བསྡད་དེ་ཅི་བྱེད། དགུང་སྔོན་གནམ་ལ་འཕུར་བའི་རྩལ་འཛོམས་ཀྱང་འཕུར་མི་ཐུབ་པ་ནི་སྡུག་བསྔལ་ཅིག་ཡིན་པ་ཁྱེད་ཀྱི་རྟོགས་སམ་ཞེས་ཕྱིར་ལན་རྫོགས། བྱེའུ་སྒྲོ་སེར་གྱིས་དེ་ཡང་བདེན་པ་རེད་འདུག་སྙམ་ནས་སྒོར་རྒུམ་བུ་འཐུ་རུ་ཕྱིན།

བྱེའུ་སྒྲོ་ཁྲས་རྒྱུན་དུ་ཚང་སྲུན་ནས་བསྡད་དེ་ལན་རེར་རང་གི་སྒྲོ་ལ་བྱིལ་བྱིལ་བྱེད་པ་དང་། ལན་རེར་སྡང་མིག་བགྲད་དེ་བྱེའུ་སྒྲོ་སེར་གྱིས་སྒོ་ངར་ལྟ་ཙམ་བྱས། སྐབས་ཞིག་ལ་ཁོས་སེམས་སུ་གལ་ཏེ་གན་གི་སྒོ་ང་འདི་དག་ལས་བྱེའུ་ཕྲུག་སྐྱེས་པ་ཡིན་ཚེ་ངའི་ཕྲུ་གུ་འདི་དག་གི་ཟ་བསྐལ་འཕྲོག་རྒྱུ་མ་རེད་དམ། ཁོས་དེ་ལྟར་བསམ་བཞིན་བྱེའུ་སྒྲོ་སེར་གྱི་སྒོ་ང་དེ་དག་རེ་རེ་བཞིན་སར་གཡུགས་ཏེ་བཅགས།

བྱེའུ་སྒྲོ་སེར་ཕྱིར་ཡུལ་དུ་ལོག་མ་ཐག་རང་གི་སྒོ་ང་རྣམས་བཅགས་འདུག་པའི་གནས་ཚུལ་འདི་མཐོང་སྟེ་སེམས་པ་སྡུག་གིས་མནར། མིག་ནང་ནས་མཆུ་མ་ལྷུང་། ཁོས་ཅི་ཞིག་བྱུང་སོང་ཞེས་བྱེའུ་སྒྲོ་ཁྲར་དྲིས་པ་ན་ཁོ་ལ་ལན་འདེབས་རྒྱུ་མ་བྱུང་། ཅུང་ཙམ་འགོར་རྗེས་ཁོས་ད་གཟོད་ལྡབ་ལྡིབ་ཚིག་གིས་རླུང་རེད་ཅེས་སྨྲས། བྱེའུ་སྒྲོ་སེར་གྱི་སེམས་སུ་དོགས་པ་སྣ་ཚོགས་སྐྱེས་ཏེ་ཅི་ཞིག་ལ་ཁྱེད་ཀྱི་སྒོ་ང་དག་ལ་གནོད་པ་མ་བྱུང་བ་རེད་ཅེས་དྲིས་པར། ཁོས་བྱེའུ་སྒོ་སེར་ལ་འོག་མིག་གི་ལྟ་བ་ལས་ལན་འདེབས་མ་ཐུབ། དེ་ལྟར་བྱེའུ་སྒོ་སེར་གྱིས་ཡང་བསྐྱར་ངས་ཕྲུ་གུ་དག་གསོད་མཁན་གྱི་ལག་དམར་ཀྱོད་ཡིན་ནམ་ཞེས་དྲིས་པ་ན། བྱེའུ་སྒྲོ་ཁྲས་རྟབ་རྟབ་པའི་ངང་ངོ་གདོང་ལག་པས་བཀབས། བྱེའུ་སྒོ་སེར་གྱིས་རྒྱུ་མཚན་རྣམས་ཧ་གོ་ནས་ལུས་ཧྲིལ་བོ་འདར་བཞིན། ཁ་ཡག་ཁོག་བཙོག་ཁྱོད། དེ་རང་ངས་རང་སྲོག་འདོར་དགོས་རུང་ཁྱོད་མི་བསྐྱུར་ཁོ་ཐག་ཡིན་ཞེས་བྱེའུ་སྒྲོ་ཁྲའི་སྟེང་དུ་མཆོངས།

བྱེའུ་སྒྲོ་ཁྲས་གཤོག་པ་བརྐྱངས་ཏེ་བྲོས། ནམ་ཞིག་ལ་ཁོ་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ནས་ཞིང་ཞིག་གི་འགྲམ་དུ་སླེབས། ཁོས་ནས་ཞིང་ལ།

ལྷད་མེད་རང་གཤིས་བཟང་བའི་ནས།།

ཁྱོད་ལ་མི་དགའ་སུ་ཞིག་ཡོད།།

བྱེའུ་སྨྱོན་པས་རྗེས་སྙེག་པས།།

བྱེའུ་ཆུང་ང་ཡི་སྲོག་ཅིག་སྐྱོབས།།ཅེས་གླུ་དབྱངས་བླངས་སོང་།

ནས་རྣམས་ཀྱིས་དེ་ལྟར་ཡིན་ཚེ་འདི་ལ་ཤིག་ཅེས་བྱེའུ་སྒྲོ་ཁྲ་ནས་ཞིང་གི་གསེང་དུ་སྐུང་།

སྐབས་དེར་བྱེའུ་སྒོ་སེར་ཡང་གནས་དེར་སླེབས་པས། ཁོས་དབུགས་འཚང་འཚང་གིས།

རྫབ་རྫོབ་དྲི་མས་གོས་པའི་ནས།།

ཁྱོད་ལ་དགའ་བ་སུ་ཞིག་ཡོད།།

བྱེའུ་འཕུར་བ་ཨེ་མཐོང་ཤོད།།ཅེས་དྲིས།

ནས་ཀྱིས་སྐད་ཆ་དེ་དག་ཐོད་མ་ཐག་ཁོངས་ཁྲོ་གཏིང་ནས་ལངས་ཏེ། དངོས་གནས་བྱེའུ་སྨྱོན་པ་ཞིག་རེད་ཅེས་བསམ་བཞིན་མ་རིག མ་རིག  ཁྱེད་རང་གནས་གཞན་ལ་འཚོལ་དུ་སོང་ཅེས་བཤད། བྱེའུ་སྒྲོ་སེར་ཐབས་ཟད་དེ་སྒང་མགོར་བབས་ཏེ་མིག་ཆེ་བར་བགྲད་ནས་བལྟས་ནས་བསྡད།ཁོས་ཅི་འདྲའི་བསྐལ་བ་རྩོག་གི   ངན་པ་ལ་རོགས་བྱེད་མཁན་ཡོད་ཀྱང་བཟང་བོར་གྲོགས་བྱེད་མཁན་ནི་མི་འདུག་ཅེས་ཁེར་ལབ་བརྒྱབ། སྐད་ཆ་དེ་ནི་འགྲམ་ན་ཡོད་པའི་ལྕང་སྡོང་རྒད་པོས་ཐོས། དེས་ཡལ་ཀ་ལྕུགས་ལྕུགས་གཡོ་བཞིན། བུ་ཕྲུག་ལགས། དོན་དངོས་སུ་དེ་འདྲ་ཞིག་མ་རེད་དེ། ཁྱེད་ཀྱིས་རྒྱུན་དུ་གཞན་ལ་ལེ་བདའ་བཤད་པ་ལས་རང་སྟེང་གི་སྐྱོན་ལ་དོ་སྣང་བྱེད་གི་མེད་པ་འདྲ་ཞེས་བཤད། བྱེའུ་སྒྲོ་སེར་གྱི་གཏམ་དེ་ཐོས་མ་ཐག་ང་ལ་སྐྱོན་ཅི་ཡོད། ངས་བློ་སེམས་རྩེ་གཅིག་དང་ཁ་ཞེ་གཉིས་མེད་ཀྱི་གྲོགས་ལ་སེམས་གཏད་རུང་མཐའ་མར་ཁོས་ངའི་བུས་ཕྲུག་ཀྱང་གསད། ཚང་མས་ཁོའི་ཁར་རྒྱུག་ཅིང་གཞོགས་སུ་ལངས་པ་ལས་ང་ལ་སྙིང་རེ་རྗེ་ཟེར་མཁན་གཅིག་ཀྱང་མི་འདུག  ཁོས་དེ་ལྟར་བརྗོད་བཞིན་མིག་ཆུའང་དབང་མེད་དུ་ཤོར། ལྕང་སྡོང་རྒད་པོས་ཁྱོད་དང་བྱེའུ་སྒྲོ་ཁྲའི་བར་ལ་ཤ་འཁོན་ཡོད་རུང་དེ་ནི་ནས་དང་འབྲེལ་བ་ཅི་ཡོད། ཁྱེད་ཀྱིས་དེ་ལྟར་ཁྲོ་བ་དེའི་སྟེང་དུ་སྤྱད་ན་ཁོས་ཁྱོད་ལ་རོགས་མི་བྱེད་པའང་ཁག་ཅི་ཡོད་ཅེས་སྨྲས། བྱེའུ་སྒྲོ་སེར་གྱིས་སེམས་རྣལ་ལ་ཕབ་སྟེ་ལྕང་སྡོང་རྒད་པོའི་སྐད་ཆར་བསམ་བློ་བཏང་། ཁོས་ལྕང་སྡོང་རྒད་པོ། ང་ནོེར་སོང་བ་རེད། ད་ནི་ངས་ཅི་ལྟར་བྱེད་དགོས་བློ་དྲིས། རྒད་པོས་འཛུམ་དམུལ་དམུལ་གྱིས། ཁྱོད་སོང་སྟེ་ནས་ལ་དགོངས་པ་ཞུས། ཁོས་ཅི་བཤད་ལ་ལྟོས།

དེ་ནས་བྱེའུ་སྒྲོ་སེར་ནས་ཞིང་ཁར་སླེབས་ཏེ་ངང་རྒྱུད་འཇམ་ཞིང་བརྩེ་བ་ལྡན་པའི་ནས་སྔོན་ལོ་ལོ། ད་ཅི་ང་ནོར་སོང་བ་རེད། སྐད་ཆ་རྩུབ་པོས་ཁྱེད་ཚོའི་ཐུགས་ལ་གནོད་སོང་། ངས་འདི་ནས་དགོངས་པ་ཞུ། ཁྱེད་ཅག་གིས་བཟོད་སྒོམ་གནང་རྒྱུ་མཁྱེན་ཅེས་བརྗོད། ནས་ཚོའི་བྱེའུ་སྙིང་ལ་རྗེ་བོ་དེ་ལྟར་མ་བྱེད་ཅིག ང་ཚོས་སྔར་ནས་ཁྱེད་ལ་བཟོད་པ་གནངས་ཟིན་ཟེར།

སྐབས་དེར་ལྕང་སྡོང་རྒད་པོས་སྐད་གསང་མཐོན་པོའི་ངང་། ཁྱེད་ཀྱིས་འདི་སྔོན་རོགས་བྱས་པ་དེ་ནི་བྱེའུ་ངན་པ་ཞིག་རེད་འདུག  དེས་བྱེའུ་སྒྲོ་སེར་གྱི་ཕྲུ་གུ་ཡོད་ཚད་བསད་སོང་བ་རེད་ཅེས་ནས་ལ་བརྗོད། སྐབས་དེར་ནས་ཀྱིས་ཞེ་སྤོ་གཏིང་ནས་ལངས་ཏེ་ཞིང་གསེབ་ན་ཡོད་པའི་བྱེའུ་སྒྲོ་ཁྲར་ཁབ་ལྟ་བུའི་སྙེ་མའི་གཙགས་ཏེ་ཕྱིར་བསྐྲད། བྱེའུ་དེ་ལ་དངངས་སྐྲག་ཆེན་པོ་སྐྱེས། ད་ནི་སོང་ན་ལམ་མི་དབང་། བསྡད་ན་སྲོག་མི་དབང་ཞེས་པའི་གནས་ལ་ལྷུང་འདུག་སྟེ། བྱེའུ་སྒྲོ་ཁྲ་དེ་ཐབས་ཟད་དེ་སྒང་མགོའི་ལྕང་སྡོང་དེའི་སྟེང་ལ་བབས། ལྕང་སྡོང་རྒད་པོས་ལྕང་ལོ་ཤུགས་ཀྱིས་གཡུགས་པས་བྱེའུ་དེ་ཐང་ལ་ལྷུང་སྟེ་རྨས་སྐྱོན་ཆེན་པོ་ཕོག

དེ་ལྟར་བྱེའུ་སྒྲོ་སེར་གྱིས་ལྕང་སྡོང་རྒད་པོ་དང་ནས་གཉིས་ལ་བཀའ་དྲིན་ཞུས། ལྕང་སྡོང་རྒད་པོས། རྗེས་སུ་གྲོགས་དང་འགྲོགས་ན། ཅི་བཤད་ལ་མ་ལྟ། གང་སྒྲུབས་ལ་ལྟ་དགོས་ཟེར། ནས་ཀྱིས་ཀྱང་སེམས་ཁྲལ་མ་བྱེད། སང་ལོ་ཁྱོད་ལ་སྙིང་རྗེ་བའི་ཕྲུ་གུ་མང་པོ་སྐྱེས་པ་ཁོ་ཐག་རེད་ཅེས་སེམས་གསོ་ཡང་ཡང་བྱས། དུས་དེར་བྱེའུ་སྒྲོ་སེར་ལ་སེམས་འགུལ་ཐེབས་ཏེ་མིག་ཆུ་བཞུར་ཞོར་དུ་འཇིག་རྟེན་འདིར་མི་སེམས་བཟང་ཅན་མང་པོ་འདུག་ཅེས་བརྗོད་སོང་ངོ་།།