བྲག་དཀར་དང་སྲིན་པོ།

最后更新于:2018-08-26 15:26:06

གཡུ་འབྲུག་སྔོན་མོ་ས་ལ་ལྷུང་འདྲའི་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་ན།ཡུལ་གཅན་ཚ་ཞེས་པའི་ས་ཆ་མཛེས་ཤིང་ལྟ་ན་སྡུག་ཅིང་།ཞིང་ལ་ལོ་ལེགས་འབྱུང་ཞིང་།ཕྱུག་ལ་གོར་ཁ་མེད་པར་མི་དམངས་ཀྱི་བདེ་སྐྱིད་ངང་འཚོ་བ་རོལ་བཞིན་ཡོད།གོ་ཐོས་ལྟར་ན།འབྱོར་བ་དང་ལོངས་སྤྱོད་འདི་འདྲ་རྒྱས་པ་ནི།ས་འདི་རུ་མཚན་སྙན་གྲགས་ཡོངས་ལ་ཁྱབ་པའི་གཞི་བདག་གཉིས་ཀྱིས་སྲུང་ཡོད་པའི་རྐྱེན་རེད་ཟེར།འདིར་ཡང་དེ་སྐོར་ཅུང་ཟད་བཤད་དོ།

གནའ་སྔ་མོ་ཞིག་ལ།གཅན་ཚའི་ལྷོ་ཕྱོགས་སུ་མཐོན་པོ་དགུང་ལ་ཟུག་པའི་རི་གསུམ་སྟེ།བྲག་དཀར།སྲིན་པོ།སྨན་བཟང་མ་བཅས་གསུམ་ཡོད།བྲག་དཀར་དང་སྲིན་པོ་ལང་ཚོའི་སྟོབས་རབ་ཏུ་རྒྱས་ཤིང་།ཤེས་རིག་གི་མེ་ལྕེ་དྲག་དུ་འབར་བའི་ཕུལ་བྱུང་གི་གཞོན་ནུ་གཉིས་ཡིན་པར་བཞེད།སྨན་བཟང་མ་ནི་བཅུ་དྲུག་ལང་ཚོའི་མེ་ཏོག་བཞད་ཅིང་ལྟ་བའི་་ཆོག་མི་ཤེས་པའི་བུ་མོ་མཛེས་མ་ཞིག་ཡིན།དེ་ནས་བྲག་དཀར་དང་སྲིན་པོ་གཉིས་སྨན་བཟང་མའི་ལང་ཚོར་ཆགས་ནས་ཁོ་གཉིས་ཀྱི་བར་ལ་རྩོད་གཞི་བྱུང་།བྲག་དཀར་དེ་ཐབས་ཇུས་ལ་མཁས་པས་ཡིད་ལ་བློ་དང་བཀོད་པ་དྲན།ཉིན་ཞིག བུ་མོས་ཉིན་རྒྱུན་བཞིན་རྟ་མང་པོ་འཚོ་བཞིན་བསྡད་པ་ན།བྲག་དཀར་གྱིས་སྨན་བཟང་མ་གཉིད་པའི་སྐབས་དང་བསྟུན་ནས་རྒོད་མའི་ཁོག་ནས་བཙས་པའི་རྟེའུ་ཕྲུག་མོའི་རས་ལྭའི་འདབ་ཁའི་འོག་ཏུ་བཞག དེ་ནས་ཁོས། ཨེ། ཨེ། སྨན་བཟང་བུ་མོ་རྟེའུ་བཙའ་མ། ཨེ། ཨེ། ཞེས་བརྗོད་པས།བུ་མོ་གཉིད་ལས་སད།་དངངས་སྐྲག་སྐྱེས་ཏེ་འདི་ཅི་ཞིག་ཡིན་ནམ་ཞེས་དྲིས་པ་ན།བྲག་དཀར་གྱིས་ཁྱོད་ངའི་ཆུང་མ་མ་བྱས་ན་ངས་གཞན་ལ་བཤད་རྒྱུ་ཡིན་ཞེས་བཤད།དེ་རྐྱེན་གྱིས་མོས་ཁས་བླངས།

སྲིན་པོ་ཡང་བརྩི་དང་མོ་འདེབས་པ་ལ་མཁས་པས།ཉིན་བཞག་གསུམ་ལ་སྒྱུ་འཕྲུལ་གྱི་ནུས་པར་བརྟེན་ནས་དོན་དག་གྱི་མགོ་མཇུག་བར་གསུམ་གསལ་བོར་ཤེས།དེ་མ་ཐག་ཏུ་སྤར་མོ་བརྡར་ནས་འཐབ་པར་སོང་།ཁོ་གཉིས་ཀྱི་ཉིན་བཞག་བདུན་བདུན་ཞེ་དགུ་ལ་འཐབ་ཀྱང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་མ་ཐུབ་པས།ཅུང་ཙམ་ལ་ངལ་གསོ་རྒྱུའི་ཁས་ལེན་བྱས།དེའི་སྐབས་དེ་དང་བསྟུན་ནས་སྲིན་པོས་སྤར་མོའི་བྲག་དཀར་གྱི་མགོ་ལ་བརྒྱབ་པས།བྲག་དཀར་གྱི་མགོ་འཆག་རར་གྱུར་ནས་འཐོར།བྲག་དཀར་གྱིས་ཕྱིར་སྲིན་པོ་ལ་གྲི་ཡི་སྣུབ་པས་མགོ་ནས་ཏོག་ཙམ་བཅད།སྨན་བཟང་མའི་དོན་དེ་གོ་རྗེས་ཁོ་གཉིས་ལ་ཡིད་ཆད་ནས་ས་གཞན་ཞིག་ཏུ་སོང་།སྲིན་པོ་དང་བྲག་དཀར་ཤུལ་དུ་གནས།

དེས་རྐྱེན་གྱིས་ད་ལྟ་ཡང་བྲག་དཀར་མགོ་འཆག་ར་ཡིན་པ་དང་།སྲིན་པོའི་མགོ་ཏོག་མེད་པའོ།