མཚོ་མ་མའི་གཡུ་མཚོ།

最后更新于:2018-08-26 16:28:15

སྔོན་ས་ཆ་ཞིག་ན་སྦལ་བ་དང་འོལ་སེར། མ་མའི་གཡུ་མཚོ་ཟེར་བའི་མཚོ་ཞིག་བཅས་ཡོད། སྦལ་བས་ནམ་རྒྱུན་ཆུ་ཚོགས་འདུག་པའི་རྟའི་རྨིག་ཤུལ་ཅིག་གི་ནང་ནས་མཁའ་ལ་བལྟས་ནས་བསྡད། ཉིན་ཞིག་ལ་འོལ་སེར་གནས་དེར་འབྱོར། ཁོས་སྦལ་བ་ལ། ཨ་རོགས་སྦལ་བ། ཁྱོད་ཀྱི་ཅི་བྱེད་གི་ཡོད་ཅེས་དྲིས།སྦལ་བས་ངས་མཚོ་མ་མའི་གཡུ་མཚོའི་ཁ་ནས་གནམ་ལ་ལྟད་མོ་བལྟས་ཡོད་ཅེས་བརྗོད། འོལ་སེར་གྱིས་ཅི་མི་སྙམ་པའི་ངང་ནས་དེ་ནི་རྟའི་རྨིག་ཤུལ་ཙམ་ལས་མཚོ་མ་མའི་གཡུ་མཚོ་ག་ལ་ཡིན་ཞེས་སྨྲས། སྦལ་བས་འོ་ན་མཚོ་མ་མའི་གཡུ་མཚོ་ཞེས་པ་ག་འདྲ་ཞིག་ཡིན། ཁྱེད་ཀྱིས་ང་འཁྲིད་དེ་སོང་ན་ཨེ་ཆོག་ཞེས་བརྗོད། ཁྱེད་ཀྱི་ཚུགས་ཀར་ལྟོས་དང་འགྲོ་ཐུབ་རྒྱུ་ཨེ་རེད། དེ་ལས་ངའི་ཁ་ཟས་སུ་གྱུར་ན་དོན་སྙིང་ལྡན་ཞེས་འོལ་སེར་གྱིས་སྦལ་བ་ཟ་གྲབས་བྱས། སྦལ་བས་དངངས་མདངས་དང་བཅས་འོལ་སེར་ལོ་ལོ། ཁྱེད་ཀྱིས་ང་མཚོ་མ་མའི་གཡུ་མཚོའི་ཁར་ཁྲིད་རྗེས་ཟོས་ན་ཨེ་ཆོག་ཅེས་ཞུ་བ་བྱས། འོལ་སེར་གྱིས་དེ་ན་ཆོག་གི  རེམ་མ་ངའི་གཤོག་ཐོག་ཏུ་བུད་ཅེས་བརྗོད་བཞིན་སྦལ་བ་ཁུར་དེ་མཚོ་མ་མའི་གཡུ་མཚོའི་ཁར་སླེབས།

སྦལ་བས་མཚོ་མཐོང་མ་ཐག་ཡ་མཚན་པའི་ངང་འདི་ནི་ཕྱི་ནས་བལྟས་ན་འདི་འདྲའི་མཛེས། ནང་ཏུ་སོང་ན་དེ་ལས་ལྷག་པ་ཞིག་ལོས་ཡིན་ཅེས་སྨྲས། ཁོས་ཡང་བསྐྱར་འོལ་སེར་ལ་ང་མཚོ་འདིའི་གཏིང་དུ་སོང་སྟེ་ག་འདྲ་ཡིན་པ་ཅིག་བལྟ།  གལ་སྲིད་ཡུན་རིང་འགོར་ཏེ་ཕྱིར་མ་ལོག་པ་འདྲ་ཡིན་ཚེ་ཁྱེད་ཀྱིས་བསམ་དཔའ་ཅེས་ལན་གསུམ་བོས་དང་ཕྱིར་ཡོང་ངེས་ཡིན་ཅེས་རེ་བ་བཏོན། འོལ་སེར་གྱིས་དེ་ནི་ལེགས་སོ་སྙམ་སྟེ་སྦལ་བ་འགྲོ་རུ་བཅུག  ཡིན་ཡང་སྦལ་བ་མཚོ་ནང་དུ་སོང་རྗེས་ཕྱིར་ལོག་རྒྱུ་མ་བྱུང་། འོལ་སེར་གྱིས་བསམ་དཔའ་ཅེས་ལན་གསུམ་བོས། སྐབས་དེར་སྦལ་བས་མཚོ་ནང་ནས་ཨ་བའི་རོ། ཡར་འགྲོ་ཡིན་ན་ཡར་ལ་སོང་། མར་འགྲོ་ཡིན་ན་མར་ལ་སོང་། དཔའ་ཡོད་མེད་རང་གི་ཁོག་ན་ཡོད་ཅེས་བརྗོད་རྗེས་བུད་སོང་ངོ་།།