འབྲུག་ཞོན་ནོར་བུ་རྒྱལ་མཚན།

最后更新于:2018-08-26 15:27:55

སྔོན་དང་པོའི་དུས་སུ།རྒྱལ་བོ་ཞིག་གི་ཁབ་ཏུ་སྤྲང་མོ་མ་བུ་གཉིས་འཚོ་ཤིང་།ཁོང་གཉིས་ཀྱིས་རྒྱལ་བོ་ཚང་ལ་གཡོག་བྱས་པར་བརྟེན་ནས་འཚོ་རྒྱུན་སྐྱོང་བ་རེད།བུ་ལོ་བཅོ་བརྒྱད་ལོན་པའི་ཉིན་ཞིག  ཨ་མས་བུ་ལ་མནའ་མ་ཞིག་ལེན་ཆེད་ཆུའི་ཕ་རོལ་ཏུ་བཞུགས་པའི་བླ་མའི་སར་ཕྱག་མོ་འདེབས་སུ་མངགས་རྩིས་བྱས། རྒྱལ་བོ་ཚང་གིས་གཏམ་དེ་ཐོས་རྗེས། ཁོ་ཚང་གི་བུ་མོ་སྐྱེས་མ་ཐག་ནས་ཁ་གྲགས་རྒྱུ་མེད་པས་དེ་ལ་མོ་ཞིག་ཞེས་བཤད་པས། བུས་ཁས་བླངས།

དེ་ནས་ཁོ་ཆུའི་ཕ་རོལ་གྱི་བླ་མའི་སར་ཕྱག་མོ་འདེབས་སུ་ཆས། སོང་སོང་བའི་མཐར། ལམ་བར་ནས་སྡེ་བ་ཞིག་གིས་མཆོད་རྟེན་བཞེངས་ཀྱིན་ཡོད་པ་དང་འཕྲད། ཁོ་ཚོས་བུ་ཕྱག་མོ་འདེབས་སུ་འགྲོ་བ་ཐོས་རྗེས་བཤད་རྒྱུར། ཁོ་ཚོའི་མཆོད་རྟེན་དེ་བརྩིགས་ནས་བུམ་པ་མན་ཆད་ལ་སླེབས་རྗེས་ཞིག་འགྲོ་བ་དང་།ཐེངས་དགུ་ལ་བཞེངས་རུང་ད་དུང་མ་འགྲུབ་པས་དེ་ལ་ཕྱག་མོ་ཞིག་འདེབས་པར་ཞུ་བ་བྱས་པས།ཁོས་ཁས་བླངས།

ཡང་ཁོ་མུ་མཐུད་ནས་སོང་མཚམས་ནས་ཆུ་བོ་ཆེན་པོ་ཞིག་གིས་ལམ་བཀག   ཁོས་བྱ་ཐབས་བཙལ་བའི་སྒང་ལ་འབྲུག་ཅིག་ཆུ་ནས་ཐོན་ཏེ་ཁོ་རང་ཆུའི་ཕ་རོལ་ལ་བསྐྱལ། འབྲུག་གིས་བུ་དེ་ཕ་རོལ་བླ་མའི་སར་ཕྱག་མོ་འདེབས་སུ་འགྲོ་བ་ཤེས་རྗེས། ཁོས་རང་ཉིད་ནམ་མཁར་འཕུར་མི་ཐུབ་པས་དེ་ལ་ཕྱག་མོ་འདེབས་པར་ཞུ་བ་བྱས། ཕ་རོལ་བླ་མ་ལ་སྤྱིར་ན་ཕྱག་མོ་གསུམ་ལས་འདེབས་མི་ཆོག་མོད། འོན་ཀྱང་འབྲུག་གིས་ཁོ་རང་ཆུའི་ཚུར་རོལ་ལ་བསྐྱལ་བས་ཁས་མི་ལེན་ཐབས་མེད་བྱུང་།

དེ་ནས་ཁོ་ཕ་རོལ་བླ་མའི་སར་ཐོན། ཁོས་འདང་རྒྱབ་རྒྱབ་མཐར། གཞན་ལ་ཁས་བླངས་བ་ལག་བསྟར་མ་བྱས་ན་མི་འགྲིག་པས། རང་ཉིད་ཀྱི་དོན་དག་མི་ཞུ་བར་ཐག་བཅད། ཁོས་ཕ་རོལ་བླ་མར་སྔོན་ལ། རྒྱལ་བོ་ཚང་གི་བུ་མོའི་གནས་ཚུལ་ཞུས་པར།བུ་མོ་དེ་འབྲུག་ཞོན་ནོར་བུ་རྒྱལ་མཚན་ལ་མནའ་མར་བྱིན་ན་ཁ་གྲགས་ཐུབ་ཞེས་གསུངས། དེ་ནས་མཆོད་རྟེན་ཞུས་པ་ན། མཆོད་རྟེན་བཞེངས་སའི་ས་འོག་ཏུ་རྒྱལ་མཚན་ཞིག་འདུག་པས། དེ་བླངས་ན་མཆོད་རྟེན་བདེ་ལེགས་ངང་འགྲུབ་གསུངས།  འབྲུག་དེ་ནམ་མཁར་འཕུར་མི་ཐུབ་ཅེས་ཞུས་པར། དེའི་མགོ་ན་ནོར་བུ་ཞིག་འདུག་པ་དེ་བླངས་ན་འཕུར་ཐུབ་ཟེར།ཕྱིར་ལོག་དུས། འབྲུག་གིས་ཆུ་ཆེན་གྱི་ཁ་ན་ཁོ་རང་ལ་སྒུག་འདུག   ཁོས་དེའི་མགོ་ཡི་ནོར་བུ་བླངས་བས་འབྲུག་དེ་ནམ་མཁར་འཕུར་ཐུབ་སོང་། དེ་ནས་མཆོད་རྟེན་དེའི་ཞབས་ཀྱི་རྒྱལ་མཚན་དེ་བླངས་པས། མི་ཚང་མས་ཁོ་ལ་བཀའ་དྲིན་ཞུས། ཕྱིར་རང་ཡུལ་ལ་ལོག་དུས། ཨ་མས་རྒྱལ་བོ་ཚང་གི་བུ་མོར་ཅི་ཟེར་དྲིས། ཁོས་དེ་འབྲུག་ཞོན་ནོར་བུ་རྒྱལ་མཚན་ལ་བག་མར་བྱིན་ན་ཁ་གྲགས་ཐུབ་གསུངས་ཞེས་བཤད།  ཨ་མས་འོ་ན་འབྲུག་ཞོན་ནོར་བུ་རྒྱལ་མཚན་སུ་ཡིན་ཞེས་དྲིས་པར། ཁོས་འབྲུག་ཞོན་མྱོང་མཁན་ང་མ་གཏོགས་མེད། ནོར་བུ་དང་རྒྱལ་མཚན་ཡོད་མཁན་ཡང་ང་མ་གཏོགས་མེད་པས། འབྲུག་ཞོན་ནོར་བུ་རྒྱལ་མཚན་ང་ཡིན་ཞེས་བཤད། དེ་ནས་ཁོ་མྱུར་དུ་རྒྱལ་བོ་ཚང་ལ་སོང་ཏེ་གནས་ཚུལ་བཤད་པས།རྒྱལ་བོ་ཚང་གིས་ཀྱང་བུ་མོ་བག་མར་བྱིན་ལ། ཅུང་མ་འགོར་བར་བུ་མོས་ཁ་གྲགས་ཐུབ་སོང་། དེ་ནས་བཟུང་མ་བུ་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏོ།།