ར་མ་དང་སྤྱང་ཀི  

最后更新于:2018-08-26 16:10:01

དེ་ཡང་གནའ་སྔ་མོ་ཞིག་གི་དུས་ན་རྩྭ་གང་བཟང་དང་ཆུ་གང་ཞིམ་ལ་བརྟེན་ནས་རང་དབང་ངང་འཚོ་བ་རོལ་བའི་ར་མ་ཞིག་ཡོད་ལ།སྤྱང་ཀི་ཞིག་གི་ནམ་ཡང་ར་མ་དེ་ཟ་འདོད་སྐྱེས་མོད་ཀྱི།འོན་ཀྱང་ར་མ་དེར་འགྲོ་རོགས་འདུག་རོགས་ཀྱི་ཁྱི་རྒན་བཙན་པོ་ཞིག་ཡོད་སྟབས་ཟ་མ་ཐུབ།ཉིན་ཞིག་སྤྱང་ཀི་ཝ་མོ་ཞིག་ཡོད་པའི་སར་སོང་ནས་འདི་སྐད་དུ།ཨ་ཅེ་ཝ་མོ་འཇིག་རྟེན་འདི་ན་ཁྱོད་ལས་བློ་རིག་ཅན་ཞིག་མེད་པས།ཁྱོད་སོང་ནས་ར་མ་དང་ཁྱི་རྒན་གཉིས་རང་རང་སར་དགར་ཐུབ་ན།ངས་ར་མ་བསད་རྗེས་འུ་གཉིས་ར་ཤ་ཚོན་པོ་མཉམ་ཟ་དང་ར་ཁྲག་དྲོན་མོ་མཉམ་འཐུང་བྱས་ཆོག་ཅེས་བཤད།དེ་ནས་ཝ་མོ་ར་མའི་འདུག་སར་སོང་སྟེ་ངག་འཇམ་པོ་དང་སྐད་དམའ་མོས་འདི་སྐད་དུ་ཀ་ཡེ་ཨ་ནེ་ར་མ་ལགས།ཁྱེད་ནི་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་རྩྭ་གཟན་ཞིག་ཡིན་རུང་།ཁྱོད་ནི་འགྲོ་རོགས་འདུག་རོགས་ངང་རྒྱུད་རྩུབ་ཅིང་ཞེ་སེམས་གནག་པའི་ཁྱི་རྒན་ཤ་གཟན་ཞིག་ཡིན་པས།སེམས་ཅན་གྱིས་ཁྱོད་ཀྱང་ཁྱི་རྒན་འདྲ་འདྲ་ཞིག་རེད་ཅེས་མི་བཤད་དགུ་བཤད་བྱེད་ཀྱི་ཡོད་པར་མ་ཟད།ཉིན་ཞིག་ཁྱོད་རང་ཁྱི་རྒན་གྱིས་ཁ་ཟས་སུ་འགྱུར་རྒྱུ་ཡིན་པ་བསམ་བློ་གཏོང་རན་རེད་ཅེས་བཤད་པ་ན།ར་མའི་སེམས་ལ།ཤ་ཚ་བའི་གཏམ་ལ་སྙན་མོ་མེད།ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བའི་དཔེ་ཡོད་པས།ཨ་ཅེ་ཝ་མའི་སྐད་ཆ་ཚང་མ་ང་རང་ལ་ཤ་ཚ་བའི་སེམས་གཏམ་རེད་བསམས་ཏེ་ཁྱི་རྒན་ལ་འདི་སྐད་དུ་ཨ་རོག་ཁྱི་རྒན་ལྡོམ་པོ།ཁྱོད་དང་ང་གཉིས་མཉམ་འགྲོ་མཉམ་འདུག་བྱས་པས།སེམས་ཅན་གྱིས་ང་ཡང་ཁྱི་རྒན་ཁྱོད་དང་འདྲ་འདྲ་རེད་ཅེས་བཤད་ཀྱིན་ཡོད་པར་མ་ཟད།ཉིན་ཞིག་ང་ཁྱོད་ཀྱིས་ཁ་ཟས་སུ་འགྱུར་རྒྱུ་ཡིན་པས།དེ་རིང་ནས་བཟུང་ངེད་གཉིས་རང་རང་སར་འགྲོའོ་ཞེས་ཁྱི་རྒན་དང་ར་མ་གཉིས་རང་རང་གི་ལམ་དུ་སོང་།ཁྱི་རྒན་སོང་རྗེས་སྤྱང་ཀི་འོངས་ནས་ར་མ་བསད་དེ་ཨ་ཅེ་ཝ་མོ་དང་ཁོ་གཉིས་ཀྱིས་ར་ཤ་ཟོས་ཤིང་ར་ཁྲག་འཐུངས་ནས་སྐྱིད་པོ་བྱས་ནས་བསྡད་པ་རེད།