ར་ལུ་མ་དང་རི་ལུ་མ།

最后更新于:2018-08-26 15:14:22

གནའ་སྔ་མོ་ཞིག་ལ།ས་ཆ་ཞིག་ན་མིང་ལ་ར་ལུ་མ་ཟེར་བ་ཞིག་དང་རི་ལུ་མ་ཟེར་བ་ཞིག ཅོང་རྡོག་མ་ཟེར་བ་ཞིག་བཅས་མི་གསུམ་ཡོད། ཉིན་ཞིག་ཁོ་ཚོས་ཨ་ཡེ་རྒན་མོ་ཞིག་ལ་གནས་ཚང་གཡར་ནས་བསྡད།ཨ་ཡེ་རྒན་མོ་དེ་འདྲེ་མོ་ཞིག་ཡིན་ལ། དགོང་མོ་ཉལ་ཁར་མོས“ར་ལུ་མ་ཚ་ཐབ་གྱི་གཡས་ཕྱོགས་སུ་ཉོལ།རི་ལུ་མ་ཚ་ཐབ་གྱི་འདབས་ནས་ཉོལ།ཅོང་རྡོག་མ་སྔས་མགོའི་འགྲམ་སུ་ཉོལ”ཞེས་བཀོད་སྒྲིག་བྱས་པ་དང་།དེ་ནས་མུ་མཐུད་དུ་“ངའི་སྔས་མགོར་ཆུ་ཕོར་བ་གང་དང་ཡོས་སྡེར་མ་གང་ཞོག”ཅེས་བཤད། ཁོ་ཚོས་འདྲེ་མོས་བཤད་པ་ལྟར་ཆུ་ཕོར་བ་གང་དང་ཡོས་སྡེར་མ་གང་བཅས་འདྲེ་མོའི་སྔས་མགོར་བཞག་རྗེས་གཉིད་དུ་ཡུར་བ་རེད།

ནམ་གུང་གི་དུས་སུ་འདྲེ་མོས་ཅོང་རྡོག་མའི་ཁྲག་ཧུབ་ཧུབ་ཏུ་འཐུང་བས།ར་ལུ་མ་དང་རི་ལུ་མ་གཉིད་ལས་སད་དེ།“ཨ་ཡེ་ལགས།ཁྱེད་ཀྱིས་ཅི་ཞིག་འཐུང་གིན་ཡོད་དམ”ཞེས་དྲིས། དེ་ནས་འདྲེ་མོས“ངས་མདང་དགོང་གི་ཆུ་དེ་འཐུང་གིན་ཡོད”ཞེས་ལན་བཏབ།དེ་ནས་ཅུང་མ་འགོར་བརའདྲེ་མོས་ཡང་ཅོང་རྡོག་མའི་རུས་པ་ཧྲུག་ཧྲུག་ཏུ་འཆོས་པས།ར་ལུ་མ་དང་རི་ལུ་མ་གཉིས་ཀྱིས“ཨ་ཡེ་ལགས།ཁྱེད་ཀྱིས་ཅི་ཞིག་ཟ་གི་ཡོད”ཅེས་དྲིས། འདྲེ་མོས“ངས་ཡོས་འཆའ་གིན་ཡོད”ཟེར།སྐབས་དེར་ཁོ་མོ་གཉིས་ཀྱིས་ཨ་ཡེ་འདྲེ་མོས་ཅོང་རྡོག་མ་ཟ་གི་ཡོད་པ་ཤེས་ནས།“ཨ་ཡེ་ལགས།ངེདམགཉིས་ལ་གཅིན་ཤོར་བས་གཅིན་གཏོང་དུ་འགྲོ་དགོས”ཟེར་བ་དང་། འདྲེ་མོས“ཁྱེད་གཉིས་ལ་གཅིན་ཤོར་ན་ཁྱེད་གཉིས་ཀྱི་ལག་པ་ཐག་པའི་སྣེ་མོས་མདུད་རྗེས་གཅིན་གཏོང་དུ་སོང་”ཞེས་བཤད། དེ་ནས་ཁོ་མོ་གཉིས་ཀྱི་ལག་པ་ཐག་པས་སྣེ་མོས་མདུད་པ་བརྒྱབ་རྗས་གཅིན་གཏོང་དུ་སོང་།ཁོ་མོ་གཉིས་ལྷས་རའི་ནང་དུ་ཐོན་རྗེས་ནམ་མཁའི་ཟླ་བ་ལ་བལྟས་ཏེ“ཨ་མ་ཟླ།ཨ་མ་ཟླ།ངེད་གཉིས་ཡར་ལ་ལོངས།ངེད་གཉིས་ཀ་ཡར་མི་ལེན་ན་ངེད་གཉིས་ཀྱི་སྲོག་ལོངས།དེ་མིན་ན་འདྲེ་མོས་ངེད་གཉིས་བཟའ་ངེས་ཡིན”ཞེས་ཞུ་བ་བྱས་པས།ཟླ་བས་མེ་སྟག་ཅིག་མར་འཕངས་ཏེ་ཐག་པ་བཅད་ཅིང་།ལྕགས་ཐག་ཅིག་མར་བསྣར་ནས་ར་ལུ་མ་དང་རི་ལུ་མ་གཉིས་ཀ་ཟླ་བའི་ནང་དུ་བླངས་པ་རེད།