རི་བོང་དང་ཝ། སྤྲེལ། རྟ་བཅས་ཀྱི་གཏམ་རྒྱུད།

最后更新于:2018-08-26 15:29:46

ནགས་ཚལ་ནང་དུ་ཚང་མས་ཆེས་བློར་མི་འབབ་པ་ནི་གཡོ་སྒྱུ་ཆེ་བའི་ཝ་མོ་ཁོ་ན་རེད། ཁོས་ཚང་མར་མགོ་སྐོར་བཏང་སྟེ། རང་གིས་ཁེ་བཟང་མང་ཙམ་རེག་ཐབས་བྱས་ནས་ཉི་མ་གཏོང་བ་གཏོང་བ་དང་། གཞན་ལ་གནོད་འཚེ་དང་རྩེད་སྤྱད་བྱས་ནས། ཁྱིམ་མཚེས་གཡས་གཡོན་ཚང་མ་ཁོས་སྡུག་ལ་མ་སྦྱར་བ་གཅིག་ཀྱང་མེད། འོན་ཀྱང་ཁོར་ཉེས་ཆད་གཅོད་ཐབས་ཤིག་སུས་ཀྱང་མ་རྙེད་པར་དུས་ཡུན་རིང་བོར་ལུས།

ནགས་འདབས་སུ་སྤྲེལ་ཞིག་འདུག་པ་དེ་ཉིད་སྡོང་བོ་ཞིག་གི་རྩེ་མོར་འགོས་ཏེ། དཔྲལ་ཐོག་གཉེར་མས་ཁེངས་པའི་བར་ནས་བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་མཐར། བྱ་ཐབས་ཤིག་རྙེད་བྱུང་དེ། ཁོའི་ཡིད་ལ་ཇུས་དེ་དྲན་མ་ཐག་ཏུ། སྤྲོ་སྣང་ཁོང་དུ་མ་ཤོང་བར། སྡོང་མགོ་ནས་མར་མཆོངས་ཐེངས་གཅིག་གིས་སར་བབས་ཏེ། ཁོས་བསམ་ཚུལ་སྡོང་རྩའི་རི་བོང་ལ་བཤད།

རི་བོང་གིས་དེ་ཐོས་མ་ཐག་ཏུ།མིག་ནང་དུ་ཐེ་ཚོམ་གྱི་མདངས་ཤིག་ཤར་བྱུང་བས།སྤྲེལ་གྱིས་ཀྱང་རི་བོང་ད་དུང་ཡིད་མ་ཆེས་པ་དེ་ཤེས་ནས་བཤད་རྒྱུར།“ འགྲོ། ཁྱོད་ཀྱི་རྣ་བར་མི་འགྲོ་ན། ང་ད་ཝ་མོ་བཙལ་བར་འགྲོ། ཁྱོས་ཕ་ཀའི་རི་མགོ་ནས་ལྟོས་ཤིག་”ཅེས་ཟེར་རོ།། སྤྲེལ་གྱི་ཝ་མཐོང་མ་ཐག་ཏུ། སྐད་མགོ་དམའ་ཞིང་སྙན་པོའི་སྒོ་ནས་བཤད་རྒྱུར།“ཨ་ཅེ་ཝ་མོ་ལགས འཇིག་རྟེན་སྟེང་ན་ཆེས་ཞིམ་མངར་ལྡན་པའི་ཟས་གང་རེད་ལགས”ཝ་ཡིས་ཞིམ་མངར་ལྡན་པ་ཞེས་པའི་ཚིག་དེ་ཐོས་པ་ཙམ་གྱིས་རྣ་ཡར་བརྩེངས་ནས་བཤད་རྒྱུར། “འདི་ནི་ཧ་ཅང་སྤྲོ་བ་འཕེལ་བའི་གནད་དོན་ཞིག་རེད་ལ། ཅི་ཞིག་ནི་ཆེས་ཞིམ་མངར་ལྡན་པའི་ཟས་ཡིན་པ་ཁྱོད་ཀྱི་མི་ཤེས་སམ”ཞེས་ཕྱིར་དྲིས་བྱུང་བ་ལ་སྤྲེལ་ན་རེ།“ངས་ཀྱང་ད་ལྟའི་བར་དུ་ཐོས་མ་མྱོང་། ངས་དེ་རིང་གི་གོ་ཚུལ་ལྟར་ན། འཇིག་རྟེན་སྟེང་ཆེས་ཞིམ་མངར་ལྡན་པའི་ཟས་ནི་རྟའི་རྐུབ་ཤ་རེད་ཟེར། ཡིན་ནའང་དེ་ནི་ཁ་ནང་དུ་འོང་བ་ཧ་ཅང་དཀའ་བར་འདུག སུ་ཞིག་གིས་དེར་རེག་འདོད་ན། ཐོག་མར་དེའི་རྔ་མ་རང་གི་མཇུག་མ་དང་སྦྲེལ་དགོས་པར་འདུག”

“དེ་ཅིའི་ཕྱིར་ཡིན”ཝ་མོ་འཚུབ་ཆ་ལངས་ནས་ཕྱིར་སྤྲེལ་ལ་དེ་ལྟར་དྲིས།

“རྔ་མ་གཉིས་སྲ་མོ་ཞིག་མ་མདུད་ཚེ།རྟ་འདྲོག་པར་གྱུར་ན་རྗེས་མི་ཟིན་པ་རེད”ཞེས་བཤད་པ་དང་མཉམ་དུ། སྤྲེལ་གྱི་ཝ་ཡི་རྣ་ནང་དུ། “ཨ་ཅེ་ཝ་མོ་ལགས། ང་ད་འདིར་ཡོང་དུས་རྟ་རྒན་དེ་སྤང་གཤོང་དུ་གཉིར་དུ་ཡུར་འདུག”ཅེས་གསང་གཏམ་བཤད།

ཝ་ཡིས་སྤྲེལ་གྱི་གཏམ་དེ་ཐོས་རྗེས། ཁོས་དེར་བསམ་བློ་གཏོང་བཞིན་ཡོད་ཀྱང་། གདོང་དུ་འགྱུར་ལྡོག་གང་ཡང་མི་སྟོན་པར་སྣང་མེད་དུ་བཞག་པའི་ཁུལ་བྱས་ནས་དལ་ཞིང་ལྷོད་པའི་ངང་བཤད་རྒྱུར། “ཅི་ཞིག་ནི་ཆེས་ཞིམ་མངར་ལྡན་པའི་ཟས་ཡིན་པའི་གནད་དོན་འདི། ཁྱོས་ད་དུང་རྩད་གཅོད་གང་བཟང་བྱོས་དང་།ཨ་མའི་བུ་ལ་དལ་དགོས་ཞེས་པའི་དཔེ་ལྟར་ངང་རྒྱུད་ཐུང་ངུ་བྱ་མི་རུང་། ངེད་གཉིས་རྗེས་ནས་སླར་ཐུག་དུས་དལ་དལ་ངང་གྲོས་བྱ། ཡིན་ནའང་དོན་དག་འདི་གཞན་ལ་མ་བསྒྲགས་ན་ལེགས”ཞེས་བཤད་ཚར་རྗེས། རྔ་ཆེན་གཡུག་ཞོར་དུ་ཕར་ཕྱིན་ནོ།། སྤྲེལ་གྱིས་ཚུལ་དེ་མཐོང་སྟེ། རང་ཡང་ཕྱིར་མི་ལོག་ཐབས་མེད་དུ་གྱུར། ཝ་སོང་ནས་ཅུང་མ་འགོར་བར། ཁ་ཕྱིར་འཁོར་ནས་ལྟ་དུས་སྤྲེལ་མེད་པ་མཐོང་སྟེ། མྱུར་དུ་རྐང་འཇབ་ལག་འཇབ་ཀྱིན་སྤྲེལ་གྱི་བཤད་པའི་རྟ་དེ་བཙལ་བར་ཕྱིན། ཅུང་མ་འགྱངས་བར་ཝ་མོས་རྟ་དེ་བཙལ་ནས་རྙེད་བྱུང་།

རྟ་ཉིན་གང་བོར་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཤིན་ཏུ་ངལ་ཡོད་པས། གཉིད་དུ་ཡུར་འདུག ཝ་དལ་མོས་ངང་འཇབས་ཏེ། རང་གི་རྔ་མ་དང་རྟ་རྔ་གཉིས་ལྷན་དུ་དམ་པོར་སྦྲེལ་རྗེས། རྟའི་རྐུབ་སྟེང་དུ་སོ་ཆེན་ཞིག་བཏབ། རྟ་གཉིད་ཞིམ་པོ་ཞིག་ཡུར་འདུག་པའི་སྒང་ལ། གློ་བུར་དུ་རྐུབ་ཐོག་ཏུ་ན་ཟུག་ལངས་བས། འགྲེ་ལོག་རྒྱག་ཐེངས་ཤིག་གིས་ཡར་ལངས་ཏེ། ཅི་ཡིན་འདི་ཡིན་བསམ་ལོང་མེད་པར། ཤུགས་ཡོད་ཀྱི་མདུན་དུ་མཆོངས་ཤིང་འདྲོགས།

རྟ་རྒྱུགས་ཐེངས་ཤིག་གིས་ཝ་དེ་སར་འགྱེལ་སོང་ངོ། ཝ་དང་རྟ་ཡི་རྔ་མ་གཉིས་ལྷན་དུ་སྦྲེལ་ཡོད་པས། ཝ་གཏན་ནས་གྲོལ་ཐབས་བྲལ། དེ་ནས་ཁོ་རྟས་འདྲུད་དུ་འཇུག་པ་ལས་གཞན་པའི་ཐབས་ཟད་དེ། ཁ་ནས་“ཨ་ཡའོ། ཨ་ཡའོ། ང་བསད་བཏང་ཐ། ང་བསད་བཏང་ཐ།”ཞེས་ངུ་འབོད་བྱས།

ཁོས་རང་གི་ལུས་དང་ཆེ་ཞིང་རིང་བའི་ཝ་གཉིས་ལས་གང་ལ་འཛེམ་རྒྱུའང་མི་ཤེས་པར་གྱུར། སྤྲེལ་དེ་ཝ་དང་ཁ་བྲལ་རྗེས། སྡོང་བོ་ཞིག་གི་སྟེང་དུ་འགོས་ནས་གནས་ཚུལ་ལ་བལྟས་ནས་བསྡད་པ་ལ། ཁོས་ཝ་ཉིད་རྟས་དྲུད་ནས་འདི་འདྲ་སྡུག་ལ་གཏད་པ་མཐོང་སྟེ། དགའ་ནས་གནམ་ལྡིང་ས་ལྡིང་བྱས་མཐར་ཁོ་རང་ཡང་སྡོང་ཐོག་ནས་མར་ལྷུང་སྟེ། ཨོང་མགོ་སར་བརྒྱབ་པས་དམར་པོར་གྱུར།རི་བོང་གིས་རྟས་ཝ་དྲུད་པ་དང་། སྤྲེལ་དགའ་ནས་སར་ལྷུང་བའི་ཚུལ་དེ་དག་མཐོང་ནས་རི་མགོ་ནས་ཧབ་ཆ་ཆེན་པོ་ཞིག་བརྒྱབ་པས། ཁོས་ཁ་ཤ་བཀས་བཤགས་སོང་ངོ།

དེར་བརྟེན། མི་རབས་ནས་མི་རབས་བར་དུ་སྤྲེལ་གྱི་ཨོང་མགོ་དམར་ལམ་མེ་འདུག་པ་དང་། རི་བོང་གི་ཁའང་ཤོ་འདུག རྟའང་དུས་དེ་ནས་བཟུང་སྟེ་གཉིད་ཀྱང་སར་ཉལ་མི་ཕོད་པར། ནམ་ཡང་ལངས་ནས་གཉིད་པ་དང་། ཇི་འདྲའི་ཐང་ཆད་ནས་ངལ་ནའང་།སར་འགྲེ་ལོག་རེ་བརྒྱབ་རྗེས་མྱུར་དུ་ཡར་ལངས་པ་རེད། ཝ་མོའི་ལུས་སྟེང་དུ་སྔོ་ཐིག་གིས་གང་འདུག་པ་དེའང་ཐེངས་དེར་རྟས་དྲུད་པ་རེད་ཅེས་ཟེར་རོ།