རུས་སྦལ་གྱིས་སྤྲེལ་སྙིང་ཟོས་པ།

最后更新于:2018-08-26 15:31:12

སྔོན་སྤྲེའུ་ཞིག་ཡོད་པ་དུས་རྒྱུན་ཆུ་ཁར་སོང་ནས་ཆུ་འཐུང་བའི་ཚེ། རུས་སྦལ་ཞིག་ཀྱང་དེ་རུ་འདུག དེ་ནས་ཁོ་གཉིས་རིམ་བཞིན་ངོ་ཤེས་ཤིང་འདྲིས་པར་གྱུར་པ་དང་། ཕན་ཚུན་མཛའ་བའི་གྲོགས་བསྡེབས་ནས་རྩེད་མོ་རྩེ་བཞིན་བསྡད།

ཉིན་ཞིག་ཁོ་གཉིས་ཆུ་འགྲམ་གྱི་སྤང་ལྗོངས་སུ་རྩེད་མོར་གཡེང་བའི་དུས་སུ། རུས་སྦལ་གྱི་སྤྲེའུ་ཆུ་ནང་ལ་མགྲོན་དུ་བོས་ཀྱང་སྤྲེའུ་ཆུ་ལ་འཇིགས་ནས་འགྲོ་མ་ཕོད། རུས་སྦལ་གྱི་ཁོར་“ཁྱོད་བདག་གི་རྒྱབ་ལ་ཞོན་ནས་མིག་ཚུམས་དང་།ངས་ཁྱོད་ཁུར་ནས་འགྲོ”ཟེར་བར་སྤྲེའུ་ཡ་མཚན་སྐྱེས་ཏེ་རུས་སྦལ་གྱི་རྒྱབ་ལ་ཞོན་ཏེ་མཚོ་ནང་དུ་ཕྱིན།

རུས་སྦལ་གྱིས་སྤྲེའུ་ལ་ཆུ་ནང་གི་ཟས་རིགས་སྣ་ཚོགས་ཀྱིས་བཀུར་བསྟི་དང་སྲི་ཞུ་གྱ་ནོམ་པ་བྱས་པས། སྤྲེའུས་དེ་རུ་ཉིན་མཚན་ཅི་ཙམ་འདས་པའང་མ་ཤེས། སྐབས་དེར་རུས་སྦལ་གྱི་སེམས་ལ་སྤྲེལ་སྙིང་ནི་ནད་བརྒྱ་སྨན་གཅིག་ཡིན་ཟེར་བ་དྲན་པས། སྤྲེའུ་བསད་ནས་སྤྲེལ་སྙིང་ལེན་པར་འདོད་ནས་བཤད་རྒྱུར་“གྲོགས་པོ་ལགས། ངའི་ཨ་མ་ལ་སྙུན་གཞི་ལྕི་མོ་ཞིག་ཐེབས་ཡོད་པས། སྨན་པས་སྤྲེལ་སྙིང་གི་ཕན་ཟེར། ད་བདག་གིས་ཅི་བྱས་ན་བཟང་།”ཞེས་པ་ན།

སྤྲེའུས་ཀྱང་ཁོའི་བསམ་ཚུལ་ཤེས་ནས་བཤད་རྒྱུར་“རུས་སྦལ་ལགས། ངེད་གཉིས་གྲོགས་པོ་བྱས་ནས་ཡུན་རིང་འགོར་བས་ངས་ཁྱོད་ལ་ཕན་ཅི་ཐོགས་ཤིག་ལོས་བྱེད ཡིན་ནའང་ང་ཚོའི་སྤྲེའུ་སྙིང་ནི་སྡོང་བུའི་ཡལ་གའི་སྟེང་བཀལ་ཡོད་པས། ད་ལྟ་ངེད་གཉིས་ཆུའི་ཕྱི་རོལ་ཏུ་སོང་ནས་ངའི་སྙིང་བླངས་ཏེ། ཁྱོད་ཀྱི་ཨ་མའི་ནད་གསོས་ན་ཅི་འདྲ་རེད”ཅེས་པ་ན། རུས་སྦལ་ཡང་གཏམ་དེར་མོས་མཐུན་བྱུང་ནས་སྤྲེའུ་རྒྱབ་ཏུ་ཁུར་ཏེ་ཆུ་ཁར་བུད།དེ་ནས་ཁོ་གཉིས་ནགས་ཚལ་དུ་ཕྱིན།

ནགས་ཚལ་དུ་སླེབས་ཚེ་སྤྲེའ་སྡོང་མགོར་འགོས་ནས་བཤད་རྒྱུར་“གྲོགས་པོ། ཁ་གདོངས་ཤིག ངས་སྙིང་མར་འཕེན་”ཟེར།རུས་སྦལ་གྱིས་སྤྲེའུས་བཤད་པ་ཇི་བཞིན་ཁ་ཆེ་ཆེར་གདངས་ནས་སྤྲེལ་སྙིང་འཐོབ་པར་སྒུག སྤྲེའུས་སྡོང་མགོ་ནས་རུས་སྦལ་གྱི་ཁ་ནང་དུ་སྤྲེལ་སྟུག་འགའ་བཏང་རྗེས། ཧབ་ཆབ་ཆེན་པོས་“རུས་སྦལ།  རུས་སྦལ།  ཁྱེད་ལ་སྤྲེལ་སྙིང་དགོས་ན་སྤྲེལ་སྟུག་ཟ་དགོས”ཟེར་བཞིན་སྡོང་བོའི་ཡལ་གའི་སྟེང་ནས་མཆོང་ལྡིང་བྱེད་བཞིན་ནགས་ཚལ་གྱི་ཀློང་དུ་ཕྱིན་སོང་ངོ།