རེའུ་དང་ལུ་གུ

最后更新于:2018-08-26 16:36:44

དང་པོ་ཙ་ན། རེའུ་ཞིག་དང་ལུ་གུ་ཞིག་རང་གི་ཁྱུ་དང་ཁ་ཐོར་ནས་མུ་མེད་ཀྱི་ཐང་སྟོང་དུ་ལུས་པས།   དེ་གཉིས་གཅིག་གྲོགས་གཅིག་ལ་བརྟེན་ནས་རྩྭ་མཉམ་ཟ་དང་ཆུ་མཉམ་འཐུང་བྱེད་ནས་བསྡད།   ཉི་མ་ནུབ་ནས་ས་རུབ་ལ་ཉེ་དུས་དེར་རེའུ་ཡིས་ལུ་གུ་ལ་འུ་གཉིས་འདི་ལྟར་ས་སྟོང་ལུང་སྟོང་དུ་འཁྱམས་ནས་བསྡད་ན་སྤྱང་ཀི་ལ་སོགས་པའི་གཅན་གཟན་གཏུམ་པོ་དག་གི་ཁ་ནང་དུ་ཤོར་བའི་ཉེན་ཆེ་བས།  ཅིས་ཀྱང་ཚང་མལ་ཞིག་འཚོལ་དུ་འགྲོ་དགོས་ཟེར་བར།    ལུ་གུ་འང་མོས་མཐུན་བྱུང་ནས་མཉམ་དུ་ཚང་མལ་འཚོལ་དུ་བྱིན།

དེ་གཉིས་ལ་ཐུར་གང་མང་བརྒྱུད་ནས་སོང་སོང་མཐར་བྲག་ཕུག་ཆུང་ཆུང་རང་ལུས་ཤོང་བ་ཙམ་ཞིག་རྙེད་དེ་ཞག་སྡོད་བྱས།    ཕྱི་ཉིན་ནམ་མཁའ་ལངས་དུས་རེའུ་ཡིས་ལུ་གུ་ལབཤད་རྒྱུར།    དེ་རིང་ཁྱོད་རི་མགོར་རྩ་ཟ་རུ་སོང་།     ངས་ཤུལ་དུ་ཚང་མར་ངས་སྲུང་རྒྱུ་བྱ།   སང་ཉིན་ཁྱོས་སྲུང་དང་ང་རྩ་ཟ་རུ་འགྲོ     འདི་ལྟར་རེས་བསྐོར་ནས་མ་སྲུང་བར་གཞན་གྱི་ལག་ནས་ཤོར་ཚེ།    འུ་གཉིས་ལ་སྡོད་སའི་གནས་མེད་པར་འགྱུར་སོང་བ་མིན་ནམ་ཟེར་བས།   ལུ་གུ་རེའུ་ཡིས་བཤད་པ་ལྟར་རི་མགོར་རྩ་ཟ་རུ་བུད་སོང་།    ཅུང་མ་འགོར་བར་སྤྱང་ཀི་བྲག་ཕུག་གི་སྒོ་ཁར་སླེབས།    དེས་བྲག་ཕུག་དུ་རེའུ་ཞིག་འདུག་པ་མཐོང་ནས་ཟ་འདོད་འགོག་མེད་དུ་སྐྱེསཏེ་གཅིན་དང་རུལ་མ་གཉིས་ཀ་ཤོར་སོང་།   སྤྱང་ཀིས་ཚུལ་དེ་མཐོང་ནས་རེའུ་ཕྲུག་ཁྱོད་གཅིན་ཙ་ར་ར་གཏོང་དོན་ཅི་ཡིན་ཟེར་བར།   རེའུ་ཡིས་མི་སྐྲག་ཁུལ་གྱིས་ངས་ཁྱོད་ལ་གཅིན་ལྡུད་བསམ་པ་ཡིན་ཟེར།    སྤྱང་ཀིས་དེ་ན་ཁྱོད་ཀྱིས་རི་མ་ཐ་ར་ར་གཏོང་དོན་ཅི་ཡིན་ཟེར་བར།    ངས་ཁྱོད་ཀྱི་ཁ་ནང་དུ་བརྫངས་བསམ་པ་ཡིན། ཞེས་རེའུ་ཡིས་ཁ་ཤོམ་དུ་བཤད་ཀྱང།    དོན་ངོ་མར་འཇིགས་སྣང་གི་མ་གཟོད་པར་གློ་སྙིང་འགས་ལ་ཁད་བྱས་པས་ལུས་ཧྲིལ་བོ་འདར་སིག་སིག་བྱས་ཤིང་།    དེའི་དབང་གིས་རྭ་ཅོ་ཐུང་ངུ་དེ་བྲག་བོར་ཐོགས་ནས་ཡར་གཙུབ་མར་གཙུར་བྱེད་བྱུང་།   སྤྱང་ཀིས་ཡང་དེའི་རྒྱུ་མཚན་དྲིས་པར།  རེའུ་ཡིས་སྔར་བཞིནསྤཽབས་པ་ཆེར་བསྐྱེད་ཀྱིས་ངའི་ལུས་ཡོངས་ཤིག་ཤིགའདར་བ་འདི་ཁྲིས་པའི་སྙིང་རླུང་སྟོད་ལ་འཚངས་བའི་རྟགས་ཡིན།  རྭ་རྩེ་བྲག་ངོར་བརྡར་བ་འདི་སྤྱང་ཀི་ཁ་ནག་ཁྱོད་ཀྱི་སྲོག་རྩ་གཅོད་པའི་དོན་དུ་ཡིན་ཟེར་བ་ན།   སྤྱང་ཀིའི་དཔའ་ཞུམ་ནས་རྔ་མ་གཡུག་བཞིན་རྒྱང་བཀྱེད་ནས་བུད་སོང།

ཕྱི་དྲོ་ལུགུ་ཕྱིར་ལོག་རྗེས།   རེའུ་ཡིས་སྔ་དྲོ་བྱུང་བའི་གནས་ཚུལ་ཇིམ་ཇི་བཞིན་དུ་ལུ་གུ་ལ་བཤད་པ་མ་ཟད།   སང་ཉིན་གལ་ཏེ་སྤྱང་ཀི་ཡང་བསྐྱར་ཐོན་དུས་རང་གི་བྱེད་ལུགས་ལྟར་ཁ་ལན་འཇལ་དགོས་ཚུལ་ཁ་ཏ་བྱས།    དེའི་ཕྱིར་ཉིན་རེའུ་རྩྭ་ཟ་རུ་སོང་རྗེས་སྤྱང་ཀི་དེ་དངོས་སུ་སླེབས་བྱུང་།    ལུ་གུ་དངངས་སྐྲག་ཚད་མེད་སྐྱེས་ནས་གཅིན་དང་རུལ་མ་ཤོར་ལ་དང་།   སྙིང་རྩ་འདར་བ་སོགས་རེའུ་ལ་ཅི་བྱུང་དེ་བཞིན་དུ་བཤད་པས།  སྤྱང་ཀིས་ཀྱང་སྔར་བཞིན་རེའུ་ལ་དྲིས་པ་ལྟར་རྒྱུ་མཚན་རེ་རེ་བཞིན་དྲིས་པ་ན།    ལུ་གུས་ཞེད་སྣང་གིསང་སྐྲག་ནས་གཅིན་དང་རུལ་མ་ཤོར་སོང་།   ཞེས་མ་གསང་དྲང་མོར་བཤད་པས།  སྤྱང་ཀིས་ལུ་གུ་ལ་སྙིང་སྟོབས་མེད་པ་ཤེས་ནས་འཚེམ་དོགས་མེད་པར་ལུ་གུའི་སྟེང་དུ་མཆོངས་ནས་ཟོས།

སྐབས་དེར་རེའུ་ཡི་རི་མགོ་ནས་སེམས་མ་བདེ་པར་ཕྱིར་ལུ་གུ་གམ་དུ་ལྟ་རུ་འོང་དུས།    སྤྱང་ཀིས་ལུ་གུ་བཟོས་ནས་མགོ་མ་གཏོགས་ལུས་མེད་པས།    རེའུ་རང་རྒོད་གཏིང་ནས་འཁྲུག་ཏེ་སྤྱང་ཀིའི་སྟེང་ལ་རྭ་ཐུང་ངུ་དེ་གཏད་དེ་ཤོར་སོངབར།    སྤྱང་ཀི་སྐྲག་སྟེ་ཕྱིར་བྲོས་བརྒྱབ་ནས་གྲམ་དར་ཆགས་ཡོད་པའི་གཙང་བོར་ཞིག་གི་ཕ་རོལ་དུ་བརྒལ།     རེའུ་ཡིས་རྗེས་མ་བཏང་བར་བདའ་ནས་འགྲོ་སྐབས་དར་ཐོག་ནས་ཤུད་དེ་སར་འགྱེལ།    དུས་དེར་སྤྱང་ཀི་ཁ་ཕྱིར་འཁོར་ནས་རེའུ་ཕྲུག་ཁྱོས་ཀྱིས་ཅི་ཞིག་བྱེད་ཅིན་ཡོད་ཞེས་བྲིས་པར།     རེའུ་ཞེ་སྡང་ཆེན་པོས་སྤྱང་ཀི་ཁ་ནག་ཁྱོད་སྡོད།   ངས་ལྷམ་སྒྲོག་བཅིངས་བའི་རྗེས་སུ་ཁྱོད་ལ་ཅི་ཞིག་བྱེད་འོངས་ལྟོས་ཟེར་བར།    སྤྱང་ཀིས་བདེན་པར་བཟུང་ནས་ཁ་ཕྱིར་ལྟོས་མེད་པར་རྒྱང་རིང་དུ་བྲོས་སོང་ངོ་།།