རྐུན་མ་མི་བཞི།

最后更新于:2018-08-26 16:29:44

སྔོན་གྱི་ཚེ་ན་ཡུལ་ག་གེ་མོ་ཞིག་ན་རྐུན་མ་མི་བཞི་ཡོད། ཉིན་ཞིག་ལ་རྐུན་མ་མི་བཞི་རྫ་ལུང་ཞིག་ཏུ་འབྱོར་སྟེ་གླང་མོ་ཆེའི་རོ་ཞིག་ལ་ཐུག  སྣང་ཚུལ་འདི་མཐོང་རྗེས་ཁོ་ཚོའི་ཡིད་ལ་སྤྲོ་བ་ཚད་མེད་སྐྱེས།  ཅིག་ཤས་ཀྱིས་གླང་ཆེན་ཞེས་པ་འདི་ནི་ཤི་ན་གསེར་སྲང་སྟོང་དང་གསོན་ན་གསེར་སྲང་སྟོང་ཡོད་པ་ཞིག་ཡིན། ད་ཆ་རང་ཅག་གི་ཁ་ཟས་ལ་འདང་རྒྱག་མི་དགོས་ཞེས་བཤད།

ངལ་གསོ་ཅུང་བྱས་རྗེས་ཁོ་ཚོས་མི་གཉིས་ཀྱིས་ཆུ་ལེན་རྒྱུ་དང་མི་གཉིས་ཀྱིས་ཐབ་ཀ་བརྩིག་རྒྱུ་ཐག་གིས་བཅད།  ཆུ་ལེན་གཉིས་ཀྱིས་གླང་ཤ་རང་ལ་དབང་ཆེད་ཆུ་ནང་དུ་དུག་བཏབ། ཐབ་རྩིག་མཁན་གཉིས་ཀྱིས་ཀྱང་སྔོན་མ་དེ་གཉིས་ལྟ་བའི་ཧམ་སེམས་བཅིང་ཡོད་པས་ཕ་རོལ་བས་ཇ་ནེའི་ངོས་སུ་དུག་བྱུགས། སོ་སོ་ཕྱིར་འབྱོར་རྗེས་ཇ་བསྐོལ་ཏེ་ཟས་ལ་རོལ་བར་བརྩམས། ཐབ་རྩིག་གཉིས་ཀྱིས་ཆུ་ནང་དུ་དུག་དྲངས་འདུག་པ་མ་རྟོགས་པས་དུག་ཆུ་འཐུངས་ནས་ལྔ་བའི་ལམ་ལ་ཆས།  ཡ། ད་ནི་གླང་ཤ་རང་གཉིས་ལ་དབང་སོང་བ་མིན་ནམ་སྙམ་སྟེ་ཆུ་ལེན་གཉིས་ཀྱིས་ཆུ་གསར་དུ་བརྗེ་ནས་མངར་མོ་ཟས་ལ་རོལ། ཡིན་ཡང་ལས་རྒྱུ་འབྲས་རང་འཁོར་ཞེས་པའི་དཔེ་བཞིན་ཁོ་གཉིས་ཀྱི་ཇ་ནེའི་ངོས་སུ་དུག་བྱུགས་ཟིན་པས་དེ་གཉིས་ཀྱང་སྔ་མའི་རྗེས་སུ་བསྙེགས་ནས་ཕྱི་མའི་ལམ་ལ་ཆས།

རྐུན་མ་རྣམས་ཤི་ནས་ཅུང་མ་འགོར་བའི་མཚམས་སུ་ཝ་མོ་ཞིག་གནས་དེར་འབྱོར། ཝ་མོས་གླང་ཆེན་དང་རྐུན་མ་མི་བཞིའི་རོ་ལ་བལྟས་ཏེ་ད་ནི་ངའི་ཚེ་སྨད་ཀྱི་ཁ་ཟས་ལ་འདང་རྒྱག་མི་དགོས།  ཟས་འདི་དག་མ་ཟོས་པའི་གོང་རོལ་ལ་རྐུན་མའི་རྒྱབ་ཀྱི་གཞུ་ཐིགས་འདི་འཆོས་ཏེ་སོ་བརྡར་ན་ལེགས་པོ་རེད་བསམ་སྟེ་གཞུ་ཐིགས་ལ་སོ་བཏབ།  ཡིན་ཡང་རྐྱེན་ངན་ནི་ནམ་ཡོང་ཆ་མེད་ཡིན་པས་ཡིད་སྐྱོ་བ་ཞིག་ལ་གཞུ་ཐིགས་ཆད་དེ་ཝ་མོའི་སྐེ་ལ་དྲག་པར་ཕོག་སྟེ་ཁོ་བོ་ཀྱང་ཕྱི་མའི་ལམ་ལ་བརྫངས།

དེའི་རྗེས་སུ་རི་བོང་ཞིག་གནས་དེར་སླེབས་སོང་། རི་བོང་གིས་གནས་ཚུལ་འདི་མཐོང་སྟེ་ཕངས་སེམས་དང་བཅས། རྒས་ནས་གཞོན་ཚུགས་མ་གཏོད་གླང་ཆེན་རོ་ལ་ལྟོས།།༼མ་གཞི་གླང་ཆེན་དེས་རང་ཚོད་མ་ཟིན་པར་གཞོན་པ་བཞིན་ཕར་ལྡོང་ཚུར་ལྡིང་བྱས་ཏེ་བྲག་མགོ་ནས་སར་ལྷུང་སྟེ་ཤི༽

ངན་སེམས་དུག་སེམས་མ་དྲན་རྐུན་མའི་རོ་ལ་ལྟོས།།ཡོད་ན་སེར་སྣ་མ་བྱེད་ལུང་གསེང་ཝ་མོའི་རོ་ལ་ལྟོས།། ཞེས་གླུ་བླངས་རྗེས་བུད་སོང་ངོ་།།