རྒད་པོ་དར་རྒྱས།

最后更新于:2018-08-26 15:32:59

གནའ་སྔོ་མོར་ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད་ཞིག་ཡོད་ལ། དེས་རང་གི་མངའ་འོག་གི་འབངས་མི་སེར་རྣམས་ལ་དཔྱ་ཁྲལ་སྣ་ཚོགས་ཀྱིས་མནར་གཅོད་བྱེད་ཅིང་། ཁྱད་པར་དུ་ཚེ་ལོ་མཐར་ཕྱིན་པའི་ལོ་ལོན་རྒན་རྒོན་ཐམས་ཅད་རྒྱལ་ཁབ་དང་ཁྱིམ་ཚང་ལ་མི་ཕན་པའི་སྐབས་སུ། བུ་ཚས་རང་གི་ཕ་མ་ཡིན་ཡང་སླེ་བོ་ལ་བཞག་སྟེ་ས་སྟོང་ལུང་སྟོང་དུ་འཕེན་དགོས་པའི་བཀའ་དྲག་པོ་ཕབ་པས། ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་གཏུམ་གཅོད་ཅན་གྱི་རྒྱལ་བོ་ཞེས་སྨྲེ་ངག་འདོན་བཞིནཡོད།

ལུང་ཁོག་ཅིག་ན་དར་རྒྱས་ཟེར་བའི་རྒན་རྒོན་གཉིས་ཡོད་པ་ནི་ཡུལ་མི་ཁྱིམ་མཚེས་ཀུན་ལ་བྱམས་ཤིང་རོགས་རམ་བྱེད་པར་དགའ་བས་ཀུན་གྱིས་ཡ་རབས་ཁྱིམ་ཚང་ཟེར། སྐབས་ཤིག་ལ། ཁོའི་བུ་ཡང་ལག་ཆགས་པས་ཁ་ཏ་སློབ་གསོ་བྱས་ཏེ་ཆེ་བ་ལ་ཨ་ཁུ་དང་ཆུང་བ་ལ་ཨ་རོགས་ཟེར་དགོས་ཤིང་ལོ་ལོན་རྣམས་རང་གི་ཕ་མ་དང་གཅིག་འདྲ་ཡིན་པས་ཐམས་ཅད་ལ་བཀུར་ན་རང་ལ་བསོད་རྣམས་ཐོབ་ཞེས་བཤད།  ལོ་མང་འགོར་རྗེས་རྒན་པོ་དར་རྒྱས་ཀྱང་ལོ་དྲུག་ཅུ་ལྷག་ལ་བུད་པས། ངོ་ལ་རྒས་པའི་གྲིབ་མ་གོན། ལུས་པོ་སྟོད་ནས་ཐུར་དུ་སྒུར། ཡན་ལག་བཞིའི་ཤུགས་ཟད་སྟབས་ཁྱིམ་ཚང་ལ་མི་ཕན་ཅིང་ལོ་ལོན་རྒས་ན་གོ་ཁར་ལྷུང་ཟེར་བ་རང་སྟེང་བབ། དེ་ནས་རང་གི་བུ་ཡིན་ཡང་རྒྱལ་བོའི་ཆད་པ་ལ་འཇིགས་ཏེ་ལྕུག་ཕྲན་མང་པོས་སླེ་བོ་ཞིག་སླས་ཏེ་ཨ་ཕ་ལ།“ད་ཁྱོད་ནི་ལོ་ཡང་ཆེ། རྒྱལ་བའི་བཀའ་ཡང་བཙན། ས་ཆ་གང་ཡིན་ས་ན་འདི་འདྲའི་ལས་བྱེད་པ་མང་བས། སང་ཉིན་ངས་ཁྱོད་ས་ཐག་རིང་བོ་ལ་སྐྱེལ”ཞེས་མཆི་མ་བཏོན་པས་ཨ་ཕ་ནི་སེམས་ཤི་སྟེ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་འདི་འདྲ་ཞིག་ཡིན་ཏེ། རང་གཞོན་པའི་སྐབས་སུ་བཟའ་ཚང་དང་འཇིག་རྟེན་འཁོར་བའི་དོན་ལ་ཤར་རྒྱུག་ནུབ་རྒྱུག་བྱས་ནས་ཁྱིམ་ཚང་གསོས།

ད་ང་རང་ལོ་ལོན་ཚེ་མིག་ཟུམ་མ་ཐུབ་ནི་རེད་བསམ་ནས་མིག་ཆུ་ཤམ་ཤམ་དང་། ཤུག་རིང་ནར་ནར་གྱིས་མཚན་གང་བོར་གཉིད་མ་ཡོང་། ཕྱི་ཉིན་ཉི་འོད་རི་རྩེར་བརྒྱབ་དུས། བུས་རང་གི་ཕ་སླེ་བོ་ལ་བཞག་སྟེ་ས་སྟོང་ཞིག་ལ་ཐོན་རྗེས། ཕ་དང་སླེ་བོ་ལྷན་དུ་བོར་ནས་སླར་ལྡོག་པའི་སྐབས་སུ།“ཨ་ཕས་བཤད་རྒྱུར། བུ་སྡུག་ཚེ་ཟད། སླེ་བོ་ཕྱིར་ཁྱེར་དང་། ཁྱོད་ལའང་རྒས་རྒྱུ་ཡོད་པས། ངའི་ཚད་ལ་ཐོན་ཚེ་སླེ་བོ་འདི་ཁྱོད་ལ་ཡང་མཁོ་བར་འདུག”ཟེར་བ་ལ། བུའི་སེམས་སུ་སྙིང་རྗེ་དང་སྐྱོ་བ་ཚད་མེད་སྐྱེས་ནས་“ཨ་ཕ་ཁྱོད་སེམས་མ་སྡུག ནམ་འཚོ་བར་དུ་ངས་ཁྱོད་གསོའོ”ཞེས་སུས་ཀྱང་མ་མཐོང་བར་བྱས་ནས་རང་ཡུལ་དུ་ལོ་འགའ་ལ་བསྐུངས།

ཉིན་ཞིག རྒྱལ་བོའི་མཛོད་ཁང་དུ་རྡིབ་སྒྲ་དང་ཆོམ་སྒྲ་གྲགས་པ་འཁོར་ཞིག་གིས་ཐོས་ཏེ་རྒྱལ་བོ་ལ་ཞུས་ཚེ། རྒྱལ་བོ་ཞེ་སྡང་དྲག་པོ་ལངས་ནས་འཁོར་འགའ་དང་མཉམ་དུ་བལྟ་རུ་སོང་། སྒོ་ཕྱེས་ནས་བལྟས་ཚེ་ཕུ་ན་མཐོང་མ་མྱོང་བའི་སྲོག་ཆགས་འཇིགས་སུ་རུང་བ་གཡག་རོ་ཙམ་ཞིག་འདུག་པ་མཐོང་བས་མྱུར་དུ་སྒོ་ལྕགས་བརྒྱབ། ཐམས་ཅད་སྐྲག་ནས་འདར་སིག་སིག་བྱེད། སུས་བལྟས་ཀྱང་སྲོག་ཆགས་ཅི་ཞིག་ཡིན་པ་མ་ཤེས་པས་རྒྱལ་པོས་བཀའ་འདི་ལྟར་བསྒྲགས་སོ། “འཁོར་འབངས་ཀུན་ཉོན་ཅིག བདག་གི་མཛོད་ན་སྲོག་ཆགས་ཆེ་ལ་འཇིགས་སུ་རུང་བ་ཞིག་ཡོད་པས། སུས་འདུལ་ཐུབ་ན་བྱ་དགའ་ཆེན་པོ་སྦྱིན་ནོ”ཟེར།བུས་གཏམ་དེ་ཐོས་རྗེས་རང་གི་ཨ་ཕ་ལ་བཤད། ཨ་ཕས་བུ་ལ་“རྒྱལ་བོའི་མཛོད་ན་ཙི་གུ་མ་གཏོགས་སྲོག་ཆགས་གཞན་ཡོད་མི་སྲིད། སང་ཉིན་བྱི་ལ་ཁྱེར་ནས་མཛོད་ཁང་དྲ་མིག་གི་བར་ནས་སྟོན་ལ་ཞིབ་ཏུ་ལྟོས་ཤིག་”ཟེར། བུ་ཕྱི་ཉིན་དེ་ལྟར་བྱས་ནས་བལྟས་པས་སྲོག་ཆགས་དེ་འགྲོ་སའི་ཁུང་མ་རྙེད་པར་ཡར་རྒྱུག་མར་རྒྱུག་བྱས། བྱི་ལས་དྲ་མིག་གི་བར་ནས་གཟེང་གཟེང་ལན་མང་བྱས་པ་སོགས་ཕྱིར་འོང་ནས་ཨ་ཕ་ལ་བཤད་སྟབས། ཨ་ཕས་“ཙི་གུ་ཡིན་ཐག་ཆོད་རེད། སྲོག་ཆགས་དེ་ཁྱོད་ཀྱིས་ཤེས་པའི་གདེང་ཚོད་ཀྱིས་ཁས་ལེན་གྱིས་དང་ནོར་བ་མེད”ཅེས་བསླབས་པ་ལྟར་རྒྱལ་བོ་ལ་སྲོག་ཆགས་དེ་“ངས་ཤེས་”ཞེས་ཁས་བླངས། རྒྱལ་བོས་ཁྱོད་ཀྱི་“ཁྱོད་ཀྱི་བལྟས་ན་ཅི་རེད་”ཅེས་དྲིས་པས། “ཙི་གུ་རེད་ཟེར” “དེ་ཅིས་ཤེས”བྱས་པས།“ངས་དམར་ཁྲིད་བྱེད་མཆོག”ཅེས་བྱི་ལ་ཁྱེར་ནས་མཛོད་ཁང་དུ་བཏང་སྟེ་ཐམས་ཅད་ཀྱིས་བལྟས་པས། བྱི་ལས་གཡག་རོ་ལྟ་བུའི་ཙི་གུའི་མགོ་ལ་སོ་བཏབ་སྟེ་བསད། དེར་རྒྱལ་བོ་དགའ་ནས་རྒྱུ་མཚན་བྱུང་རབས་བུ་ལ་དྲིས་པས། ཐབས་འདི་ཕས་ང་ལ་བསླབས་པ་ཡིན་ཞེས་དྲང་བོར་ཞུས་པ་ན། རྒྱལ་བོའི་ཐུགས་ལ། “ལོ་ལོན་མི་མཁོ་ལོ་ལོན་མཁོ”ཟེར་བ་འདི་འདྲ་ལས་བྱུང་། ད་ནས་བཟུངལོ་ལོན་རྣམས་ཇི་སྲིད་འཚོ་བའི་བར་དུ་བདག་སྐྱོང་བཟང་བོ་བྱེད་དགོས། སྔར་ལུགས་ལྟར་བྱེད་མི་ཆོག་ཅེས་བཀའ་བབ་པ་མ་ཟད། བུ་ལ་བདག་རྐྱེན་མང་བོ་གནང་ནས་ཚིམ་པར་བྱས་སོ།།