རྒྱལ་བོ་རྐུ་ལ་སོང་བ།

最后更新于:2018-08-26 16:30:14

སྔོན་གྱི་དུས་སུ་ཡུལ་ཞིག་ན་རྒྱལ་བོ་ཞིག་ཡོད། ལོ་རེའི་ལོ་སར་གྱི་སྔོན་དུ་རྒྱལ་བོས་མོ་བ་དང་རྩིས་པ་སོགས་གདན་དྲངས་ཏེ་གནམ་ལོ་གསར་བའི་བྱ་བ་ལམ་འགྲོ་འབྱུང་མིན་ལ་མོ་རྩིས་བྱེད་པའི་སྲོལ་མཆིས། ལོ་ཞིག་ལ་མོ་བོས་མོ་བཏབས་རྗེས་རྒྱལ་བོར་ཉིན་འདི་འགའི་ནང་ལ་རྒྱལ་བོས་སྐུ་ལ་བགེགས་ཞིག་འབྱུང་རྒྱུ་རེད། བཟློག་པའི་ཐབས་ཞིག་མཆིས་སྟེ་གནམ་གང་གི་དགུང་མོ་རྐུར་འགྲོ་དགོས་ཞེས་བཤད། དེ་ལྟར་མོ་བོས་ལུང་བཞིན་གནམ་གང་གི་དགུང་མོར་རྒྱལ་བོས་ལུས་ལ་ན་བཟའ་ནག་པོ་བཀླུབས་ཤིང་བཅིབས་པ་ནག་པོར་ཞོན་ཏེ་རྐུ་ལ་སོང་། ལམ་བར་དུ་རྐུ་ལ་འགྲོ་བཞིན་པའི་དར་མ་ཞིག་ལ་ཕྲད། རྒྱལ་བོས་ཁྱེད་རང་རྐུ་བྱེད་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས། དར་མས་ངའི་ཁྱིམ་ན་ཆུང་མ་དང་བྱིས་པ་ཡོད། ནམ་རྒྱུན་ལྟར་ན་ལོ་སར་ལ་ཕག་མགོ་ཟ་དགོས་ཏེ། ཡིན་ཡང་ད་ལོར་ཐན་པ་བྱུང་སོང་བས་ཕག་མགོ་ཟ་རྒྱུ་མི་འདུག ཆུང་མ་དང་བྱིས་པའི་རེ་བ་སྟོང་བར་མི་འགྱུར་ཕྱིར་ང་རྐུར་ཡོང་བ་ཡིན་ཞེས་ལན་བཏབ། རྒྱལ་བས་རེད་ཡ། འོ་ན་རང་གཉིས་ཁྱིམ་གང་ལ་འགྲོ་དགོས་སམ་ཞེས་དྲིས། རྐུན་མས་ཕལ་བས་ཁྱིམ་ལ་སོང་ན་ལུགས་དང་འགལ། རང་གཉིས་བློན་ཆེན་ཚང་ལ་འགྲོ། དེ་ནི་རྒྱུ་འབྱོར་བ་ག་ས་གང་དུ་བརྩིགས་ཡོད་པ་ཞིག་ཡིན་པས་རང་གཉིས་ཀྱི་ལག་ལ་དངོས་རྫས་ཙག་ཙིག་རེ་འབྱོར་ངེས་ཡིན་ཞེས་བཤད་བཞིན་བློན་ཆེན་ཚང་གི་མཁར་རྩར་སླེབས། དར་མས་ང་ནི་རྐང་རྟེན་བྱེད་ཁྱོད་མཁར་ཁ་འགོས་ཞེས་བཤད། ཡིནཡང་རྒྱལ་བོ་ཐེངས་འགར་འགོས་རུང་འགོ་མ་ཐུབ། དར་མས་རྩལ་འདི་འདྲའི་རྐུ་ཅི་ལྟར་བྱེད་ཅེས་བརྗོད་བཞིན་རྒྱུགས་ཐེངས་གཅིག་གིས་མཁར་སྟེང་དུ་བུད། དར་མས་ཁྱེད་ཀྱིས་འདི་ནས་སྒུག་དང་ངས་དངོས་རྫས་འཁྱེར་ཡོང་རྗེས་རང་གཉིས་ལ་བགོ་ཞེས་བཤས་རྗེས་བུད་སོང་། དེ་ནས་ཡུན་རིང་འགོར་རྗེས་སུ་དར་མས་ཕག་མགོ་ཞིག་དང་དངོས་རྫས་གཞན་འགའ་བཟུང་སྟེ་ཕྱིར་ལོག རྒྱལ་བོས་ཅི་ཞིག་རེད། ཡུན་རིང་འགོར་སོང་བ་ནི་དོན་དག་ཞིག་བྱུང་སོང་བ་ཡིན་ནམ་ཞེས་དྲིས། དར་མས་ཐང་ཆད་པའི་མདངས་དང་བཅས་མ་འགྲིག་ཐལ། འཇིག་རྟེན་འདི་ཚར་ཐལ་ཞེས་སྐད་ཆ་རྡབ་རྡིབ་ཞིག་བརྗོད། རྒྱལ་བོས་དེའི་དོན་ཅི་རེད་ཅེས་དྲིས་པ་ན་རྐུན་མས་ང་བློན་ཆེན་གྱི་ཁང་སྟེང་ན་ཡོད་དུས་ཀ་ཁུང་ནས་བློན་པས་སང་ཉིན་རྒྱལ་བོ་དགྲོང་འདོད་པའི་གསང་འཕྲིན་ཐོས་ཞེས་སྨྲས། རྒྱལ་བོས་དེ་འདྲ་ཞིག་ཡིན་མི་སྲིད། ཁྱེད་ཀྱི་ཉན་ནས་ནོར་སོང་བ་མིན་ནམ་ཞེས་ཡིད་མི་ཆེས་པའི་མདངས་བསྟན། དར་མས་ངོ་མ་རེད་འདུག བློན་པས་མཆོད་ཆང་ནང་དུ་དུག་དྲངས་ཡོད་པས་སང་ཉིན་རྒྱལ་བོས་དེ་བཞེས་ན་འཆི་ངེས་རེད། ད་ནི་འཛམ་གླིང་འདི་འཇིག་རྒྱུ་རེད་ཅེས་བརྗོད། དེ་ནས་ཁོ་གཉིས་ཀྱིས་དངོས་པོ་རྣམས་བགོས། འགྲོ་ཁར་རྒྱལ་བོས་ད་ནི་རང་གཉིས་གྲོགས་པོ་ཡིན་པས་ལྭ་བ་བརྗེ་སྟེ་དྲན་རྟེན་བྱས་ན་ཆོག་གམ་ཞེས་བརྗོད། དར་མས་ཀྱང་ལེགས་སྙམ་སྟེ་ལྭ་བ་བརྗེས་ཏེ་ཕྱིར་ལོག

རྒྱལ་བོ་ཕོ་བྲང་དུ་འབྱོར་རྗེས་མོ་བས་བགེགས་ཞིག་འབྱུང་རྒྱུ་རེད་ཅེས་བརྗོད་པ་འདི་ནི་ལོས་ཡིན་སྙམ་སྟེ་བསྡད། ཕྱི་ཉིན་བློན་པོ་རྣམས་ཕོ་བྲང་གི་གྲལ་མགོར་ཐོན་རྗེས་བློན་ཆེན་གྱིས་རྒྱལ་བོར་རྟེན་འབྲེལ་གྱི་མཚོད་ཆང་འབུལ། རྒྱལ་བོས་བློན་ཆེན་ཁྱེད་ཀྱིས་བདག་ལ་རོགས་གང་མང་བྱས་མྱོང་། དེ་རིང་ཁྱེད་དང་འུ་གཉིས་གྲོགས་པོ་ཡིན་པས་ཆང་དེ་ངས་ཁྱེད་ལ་གནང་བའོ་ཞེས་བརྗོད། བློན་འབངས་ཡོངས་ཀྱི་མདུན་དང་ལྷག་པར་དུ་རྒྱལ་བོས་སྐད་ཆ་དེ་འདྲ་བརྗོད་པས་བློན་ཆེན་ཐབས་ཟད་དེ་བཏུངས་བས་དེ་མ་ཐག་ཁྲག་བསྐྱུག་སྟེ་ཤི།

རྒྱལ་བོས་འབངས་རྣམས་ཕོ་བྲང་གི་མདུན་དུ་བསྡུས་ཏེ་མི་ཚོགས་ཁྲོད་ན་ཡོད་པའི་འདང་དགོང་གི་དར་མ་དེའི་གམ་དུ་སོང་། དར་མས་སེམས་སུ་བློན་ཆེན་གྱིས་དངོས་རྫས་བོར་སོང་བ་རྟོགས་པས་ད་ནི་རྐུན་མ་སུ་ཡིན་རྩད་གཅོད་བྱ་རྒྱུ་རེད་སྙམ་སྟེ་མགོ་བསྒུར་ཏེ་བསྡད། རྒྱལ་བོས་དར་མ་ལ་མགོ་ཡར་དགྱེས་ཞེས་བཀའ་བསྩལ། དར་མས་སྐད་འདི་ནི་གོ་མྱོང་བ་ལྟ་བུ་ཞིག་ཡིན་པས་སུ་ཡིན་ནམ་སྙམ་སྟེ་ཡར་ལྟ་དུས་ཁ་སང་དགོང་མོའི་གསར་བུ་དེ་ཡིན་པ་རྟོགས། རྒྱལ་བོས་དར་མ་ལ་བློན་ཆེན་གྱི་གོ་གནས་སྤྲད་པ་དང་རྒྱལ་སྲིད་ལེགས་པར་བསྐྱངས་ཏེ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་བྱས་སོ།།