རྒྱལ་བོའི་བུ་དང་ཕྱུག་པོའི་བུ།  དབུལ་བོའི་བུ།

最后更新于:2018-08-26 15:33:41

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་རྒྱལ་བོའི་བུ་དང་ཕྱུག་པོའི་བུ།  དབུལ་བོའི་བུ་བཅས་གསུམ་ཡོད།  ས་དེ་ན་བུ་མོ་མཛེས་སྡུག་གི་ལང་ཚོ་རྣམ་པར་རྒྱས་པའི་མཛེས་མ་ཞིག་ཡོད།  དྲིན་ཆེན་གྱི་ཕ་ལོ་ཟླ་གཅིག་གི་སྔོན་དུ་ཚེ་ལས་འདས་པས་དེ་ནས་བཟུང་བུ་མོ་དེའི་ཁ་མི་གྲགས་ཟས་མི་ཟ་བར་བསྡདཡོད།  གནས་ཚུལ་དེ་རྒྱལ་བོའི་བུ་དང་ཕྱུག་པོའི་བུ།  དབུལ་བོའི་བུ་གསུམ་གྱི་ཐོས་རྗེས་ཁོ་ཚོས་དམ་བཅས་ནས་རྒྱལ་བོའི་བུས་བུ་མོ་དེར་ཁ་གྲགས་ཏུ་འཇུག་ཐུབ་ན་ཕྱུག་པོའི་བུ་རྒྱུ་ཕྱེད་ཀ་སྟེར་བ་དང་།  དབུལ་གཡོག་པོ་བྱེད་དགོས།   ཕྱུག་པོའི་བུ་བུ་མོ་དེ་ཁ་གྲགས་ཏུ་འཇུག་ཐུབ་ན་རྒྱལ་བོའི་བུས་རྒྱལ་ས་ཕྱེད་ཀ་སྟེར་བ་དང་། དབུལ་གཡོག་པོ་བྱེད་དགོས།  དབུལ་བོའི་བུས་བུ་མོ་དེ་ཁ་གྲགས་ཏུ་འཇུག་ཐུབ་ན་རྒྱལ་བོའི་བུས་རྒྱལ་ས་ཕྱེད་ཀ་སྟེར་བ་དང་། ཕྱུག་པོའི་བུ་རྒྱུ་ཕྱེད་ཀ་སྟེར་བའི་དམ་བཅས།

ཐོག་མར་རྒྱལ་བོའི་བུ་ཚོད་ལྟ་བྱས་བ་དང་།  ཁོས་ཞབས་བྲོ་བ་མང་པོ་འཁྲིད་སོང་ཉིན་ཞག་གསུམ་ལ་གླུ་ལེན་གར་རྩེ་བྱས་རུང་བུ་མོས་མིག་ཟུར་ཙམ་ཡང་མ་འཕངས།    རྗེས་ནས་ཕྱུག་པོའི་བུ་ཚོད་ལྟ་བྱེད་དུ་སོང་།   ཁོས་རྒྱ་ནོར་གང་མང་གང་རྩ་ཆེ་བ་དེ་བྱིན་རུང་བུ་མོས་ཡང་ཁ་ཡ་མ་བྱས།   ཐ་མར་དབུལ་བོའི་བུ་སོང་།  ཁོར་ཅི་ཡང་ཁྱེར་རྒྱུ་མེད་པས་རྩམ་པ་རས་ཁུག་གང་ཡོད་པ་དེ་ཁྱེར་ནས་སོང་།  ལམ་བར་དུ་དབུལ་བོའི་བུ་ཨ་ཡེ་རྒན་མོ་ལྟོགས་ནས་ཤི་ལ་ཁད་ཅིག་དང་འཕྲད།   བུ་སྙིང་རྗེ་ནས་ཁོའི་རྩམ་པ་དེ་བྱིན།   དེ་ནས་ཨ་ཡེ་རྒན་རྩམ་པ་ཟས་རྗེས་ལུས་ལ་སྟོབས་ཤུགས་རྒྱས་ནས་འདྲི་རྒྱུར་ཁྱོད་གང་ལ་འགྲོ་བ་ཡིན་ཞེས་དྲིས།  བུས་སྔོན་གྱི་གནས་ཚུལ་དེ་ཚང་མ་བཤད།   ཨ་ཡེ་དེས་བཤད་རྒྱུར་ཁྱོད་སོང་ནས་བུ་མོ་དེ་ལ་སྐྱེས་བ་སྔོན་མར་འུ་གཉིས་ཤྭ་བ་དང་ཤྭ་མོ་གཉིས་སུ་སྐྱེས་བ་དང་རྔོན་པས་བསད།  དེའི་སྔོན་མར་བྱེའུ་ཕོ་མོ་གཉིས་རུ་སྐྱེས་རུ་གླག་གིས་བསད།  ད་ཐེངས་འུ་བདེ་མོར་འདུག་ཐུབ་ཅེས་ཤོད་དང་ཞེས་བཤད་རྗེས་བུད་སོང་།  དབུལ་བོའི་བུ་བུ་མོ་དེའི་མདུན་ལ་ཐོན་རྗེས་བཤད་རྒྱུར་སྐྱེ་བ་སྔོན་མར་འུ་གཉིས་ཤྭ་བ་དང་ཤྭ་མོ་གཉིས་སུ་སྐྱེས་བ་དང་རྔོན་པས་བསད།  དེའི་སྔོན་མར་བྱེའུ་ཕོ་མོ་གཉིས་རུ་སྐྱེས་རུ་གླག་གིས་བསད།  ཐེངས་འདིར་འུ་གཉིས་བདེ་མོར་འདུག་ཐུབ་ཅེས་བཤད་པས་བུ་མོ་སྐད་ཆེན་པོའི་ངུར།  དེ་བས་དབུལ་བོའི་བུ་ལ་ཕྱུག་པོའི་རྒྱུ་ནོར་ཕྱེད་ཀ་དང་རྒྱལ་བོའི་རྒྱལ་ས་ཕྱེད་ཐོབ་ནས་བུ་མོ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་དོ།