རྔ་མ་སྲིང་མོར་རྫོང་བར་བྱིན་པ།

最后更新于:2018-08-26 16:37:14

གནའ་སྔ་མོར་ཞིག་ལ།    རྫ་དང་སྤང་འདྲེས་པའི་ཡུལ་ཕུན་སུམ་ཚོགས་པའི་ས་ཆ་ཤིན་དུ་མཛེས་པོ་ཞིག་ཡོད།    ས་ཆ་དེའི་མིང་ལ་ཡུལ་དགའ་བ་རྫ་ཐང་བྲག་དམར་གཡས་འཁྱིལ།

རྫ་ཁོག་དེའི་བྲག་གསེས་ཅིག་ན།   རྫ་བྲ་མིང་ལ་འདོད་ཅན་མ་ཞེས་པ་ཞིག་གི་གནས་ཚང་ཡོད་པ་དང་།   ཁོ་མོ་རྫ་ཁོག་དེར་གནས་ནས་རང་གི་མཛེས་པོ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་འཚོ་བ་རོལ་གྱིན་ཡོད།

ཡུལ་དེ་ལས་བར་ཐག་ཧ་ཅང་མི་རིང་བའི་སྤང་ཐང་ཞིག་ཡོད་པ་དེར་རྩྭ་སྐྱེས་པ་བཟང་ཞིང་མེ་ཏོག་སྣ་ཚོགས་ཀྱི་འདབ་བརྒྱ་ལྷམ་མེར་བཞད་ཡོད།   ཡུལ་དེ་ལ་སྤང་བྲ་མིང་ལ་མཛེས་དགའ་ཟེར་བ་ཞིག་གི་གནས་ཚང་ཡོད་པ་དང་ཁོ་བོས་ཡོད་འོང་གི་གནས་དེར་དགའ་ཞེན་ངང་བདག་སྐྱོང་བྱེད་བཞིན་འཚོ་བ་རོལ་ནས་བསྡད་ཡོད།

ཨ་བྲ་ཕོ་མོ་དེ་གཉིས་ཀྱི་བཏུང་ཆུ་བྲག་དམར་རྫ་ཆུ་བྱེད་དགོས་སྟབས།   ནམ་རྒྱུན་ཁོ་མོ་གཉིས་ཀྱི་ཆུ་ཁ་དེར་མཉམ་འདུས་བྱེད་ཏེ་ཕན་ཚུན་ལ་རང་རང་གི་མ་འོངས་བའི་འཚོ་བའི་ཕྱོགས་ཀྱི་གཏམ་རེ་གླེང་རྗེས།   ཕན་ཚུན་གཅིག་གཅིག་ལ་དུང་སེམས་ཡོད་པའི་རྣམ་འགྱུར་དང་བརྩེ་དུང་མཚོན་པའི་སྐད་ཆ་མང་པོ་ལབ་གྱིན་འདུག

ཉིན་ཞག་དང་ལོ་ཟླ་ནི་ཤོག་བུ་ལྟེབ་ལྟེབ་བྱས་ཏེ་ལོ་འཁོར་གཅིག་འགོར་སོང་བ་དང་།  ཉིན་རྒྱུན་ཁོ་མོ་གཉིས་ཆུ་ཁ་དེར་མཉམ་འདུས་བྱས་ཏེ་བརྩེ་དུང་དང་འདོད་པ་མཚོན་བྱེད་ཀྱི་གཏམ་སྙན་མོ་མང་པོ་ཕན་ཚུན་ལ་ལབ་གཻང་བྱེད་སྟབས།   ཁོ་མོ་གཉིས་བརྩེ་དུངགི་ཞགས་པ་བཅིངས་ནས་གནས་གཅིག་དུ་བཟའ་ཟླར་འགྱུར།    དེར་ཁོ་མོ་གཉིས་ཀྱིས་ཚེ་གང་གི་འཚོ་བ་རོལ་བའི་མགོ་བརྩམས་སོང་།

དེ་ནས་མ་འགྱངས་བར་རྫ་བྲ་འདོད་ཅན་མར་མངལ་ཆགས་ཏེ་ཕྲུ་གུ་ཕོ་མོ་གཉིས་བཙས།   དེར་ཕོ་ཡི་མིང་ལ་སྒྱིད་ལུག་དང་མོ་ཡི་མིང་ལ་ལེ་ལོ་མ་ཞེས་བཏགས།    རྫ་བྲ་འདོད་ཅན་མ་དང་སྤང་བྲ་མཛེས་དགའ་བཟའ་ཟླ་གཉིས་ཀྱི་ཚེགས་བརྩོན་འགྲུས་དང་དཀའ་བ་མང་པོ་སྤྱད་ནས་ཕྲུ་གུ་གཉིས་ནར་སོན་དུ་བཅུག

དེར་འཇིག་བརྟེནཔའི་སྲོལ་ལྟར།   བུ་སྒྱིད་ལུགས་ལ་ཕ་ཤུལ་འཛིན་དུ་བཅུག་པ་དང་བུ་མོ་ལེ་ལོ་མ་རྫ་ཁོག་གཞན་ཞིག་ལ་གནས་ལ་བྱིན།    དེ་ནས་རིམ་བཞིན་རྫ་བྲ་འདོད་ཅན་མ་དང་སྤང་བྲ་མཛེས་དགའ་བཟའ་ཟླ་གཉིས་འཕྲོ་རིམ་འཕྲོར་ཚེ་ལས་འདས་སོང་།    ཤུལ་འཛིན་བུ་སྒྱིད་ལུག་གི་ནམ་རྒྱུན་སྒྱིད་ལུག་བྱེད་ནས་ཉི་མ་གཏོང་ཐབས་བྱེད་ནས་བསྡད།

ལོ་འཁོར་གཉིས་འགོར་རྗེས་རྫ་ཁོག་གཞན་པར་གནས་ལ་སོང་བའི་སྲིང་མོ་ལེ་ལོ་མར་ཕྲུ་གུ་སྐྱེ་ནས་ཡུལ་ལ་མིང་བོར་ལྟ་རུ་ཡོང་།     དེར་མིང་བོ་སྒྱིད་ལུག་གིས་ལོ་འཁོར་བཅུ་གཉིས་ལ་ངོ་མ་འཕྲད་པའི་སྲིང་མོར་རྫོང་བ་སྟེར་རྒྱུ་མ་རྙེད་པས་བྱ་ཐབས་བྲལ་ཏེ་རང་གི་སྔ་མ་བཅད་ནས་སྲིང་མོར་བརྫོངས་བ་བྱིན།

དེ་ནས་བཟུང་ས་སྟེང་གི་ཨ་བྲ་ཐམས་ཅད་ལ་རྔ་མ་མེད་པ་དང་།   ངག་རྒྱུན་ལ་འང་ཨ་བྲའི་དཔོན་པོ་རྫ་བྲ་མ།    སྲིང་ཐར་རེ་ཡོང་ན་རྔ་སྟེར་མ་ཞེས་པའི་གཏམ་རྒྱུད་ད་ལྟའི་བར་དུ་ལུས་སོ།།