རྗེ་གསེར་ཁང་བ་དང་ཁོང་གི་གསོལ་ཐབ་པ།

最后更新于:2018-08-26 16:30:41

སྔོན་རྗེ་གསེར་ཁང་བ་གསེར་ཁང་རི་ཁྲོད་ན་བཞུགས་སྐབས་ནང་གཡོག་ལ་གསོལ་ཐབ་པ་ཞིག་མཆིས། དེ་ནི་རྒྱུད་དྲང་ཞིང་བླ་མར་དད་པ་ཆེར་ལྡན་པ་ཞིག་ཡིན། སྐབས་དེར་མཆོད་ཆུ་ནི་རྒྱབ་ལོག་གི་རི་རྩ་ཞིག་ན་ཡོད་པས་ནངས་དུས་སུ་གསོལ་ཐབ་པ་གནས་དེར་ཆུ་ལེན་དུ་འགྲོ་དགོས། དུས་རྒྱུན་དུ་ཁོ་བླ་མས་གཟིམས་ཤག་གི་སྒོར་བུད་པ་ནས་བཟུང་ཅི་ཡིན་མི་ཤེས་པའི་ནུས་ཤུགས་ཤིག་གིས་ཁོ་བོས་ལུས་པོ་ཡར་བཀྱགས་ཏེ་མཁའ་ནས་འགྲོ་བའི་སྣང་བ་སྐྱེས། ཁོ་བོས་དེ་ནི་བླ་མའི་བྱིན་རླབས་རེད་སྙམ་སྟེ་རྩེ་གཅིག་གི་གསོལ་བ་འདེབས་དུས་ལུས་པོ་ཡང་རོམ་གྱི་སར་བབས། དེ་ལྟར་ཡུན་རིང་འགོར་རྗེས་ཉིན་ཞིག་ལ་ཁོ་བོས་གནས་ཚུལ་དེ་བླ་མར་བརྗོད། རྗེ་གསེར་ཁང་བས་དེ་ནི་ནུས་ཤུགས་སྤྱིར་བཏང་བ་ཞིག་མ་ཡིན་པ་གཏོགས་པས་མཁྱེན་པས་གཟིགས། སྐབས་དེར་བླ་མས་ནུབ་ཕྱོགས་ཀྱི་མགོན་པོ་བྲག་ནག་གི་འོག་ན་དུག་སྦྲུལ་ལུས་སྨུག་ནག་ཡ་ང་བ་ཞིག་འདུག་པ་མཐོང་། དུས་རྒྱུན་གསོལ་ཐབས་པ་ཆུ་ལེན་དུ་ཕྱིན་དུས་དུག་སྦྲུལ་གྱིས་ཁ་ལྡིང་སྟེ་ཟ་གྲབས་བྱས། ཤུགས་དེའི་ཁོ་བོ་ཡར་མཁའ་ལ་བཀྱགས།  ཁོ་བོས་བླ་མར་རྩེ་གཅིག་གི་གསོལ་བ་འདེབས་དུས་དུག་སྦྲུལ་གྱི་ནུས་ཤུགས་དེ་ཡིན་ཞན་པར་གྱུར་ཏེ་རིམ་གྱི་ས་ཁར་བབས།

ཕྱི་ཉིན་བླ་མས་གསོལ་ཐབ་པ་ལ་དེ་རིང་ནས་བཟུང་ཉིན་ཞེ་དགུའི་རིང་ལ་ང་མཚན་ན་བཞུག་རྒྱུ། མཚན་གྲོལ་བའི་ཉིན་དེར་ཁྱོད་ཀྱིས་བྲག་ནག་གི་ཕྱོགས་སུ་ལྟོས་དང་རྟགས་མཚན་ཁྱད་པར་བ་འབྱུང་རྒྱུ་རེད་ཅེས་བརྗོད། ཉིན་ཞེ་དགུ་བར་གསོལ་ཐབ་པས་བླ་མས་ཅུ་གསུངས་ལྟར་རི་དེའི་ཕྱོགས་སུ་བལྟས་ཚེ་ནུབ་ཕྱོགས་ནས་ཁྱུང་ཆེན་ས་བཀབ་པ་ལྟ་བུ་ཞིག་འཕུར་ཡོང་སྟེ་བྲག་ནག་གི་སྟེང་ཏུ་བབས། སྡེར་མོས་བྲག་གཏིང་ནས་ཅི་ཞིག་ཡར་འཐེན་བཞིན་པ་དང་མཚུངས། གཤོག་ཟུང་ལན་གསུམ་གཡུགས་རྗེས་དུག་སྦྲུལ་སྨུག་ནག་ཡ་ང་བ་ཞིག་སྡེར་མོས་བཙིར་སྟེ་ཤར་ཕྱོགས་ཀྱི་གནམ་སའི་བར་མཚམས་ནས་གར་སོང་ཆ་མེད་དུ་གྱུར། ད་ལྟའི་དུས་སུ་བྲག་ནག་གི་མགོ་ལེབ་ལེབ་ཡིན་པ་ཡང་ཁྱུང་ཆེན་གྱི་གཤོག་པས་གཞར་སོང་བ་རེད་དོ།།