རྟ་དང་རྔ་མོང་།

最后更新于:2018-08-26 15:34:46

གནའ་སྔ་མོ་ཞིག་ལ། རྟ་དང་རྔ་མོང་གཉིས་གྲོགས་བྱས་ཏེ་ཁྱེདཀྱི་མི་ཟ་ན་ངས་མི་འཐུང་དང་། ཁྱོད་མཛེས་ང་སྐྱིད་ཀྱི་འཚོ་བ་རོལ་བཞིན་ལོ་མང་འདས། ཡིན་ནའང་། དངོས་པོ་གང་ཡིན་རུང་དེའི་ཕྱི་ནང་གི་མཛེས་ཆོས་མི་མཐུན་པས། ཁོ་གཉིས་དུས་རྒྱུན་དུས་ཆེན་དང་སྟོན་ཐོག་ཏུ་ཞུགས་ཚེ། དེ་ཡོད་མགྲོན་པོ་རྣམས་ཀྱིས་རྔ་མོང་ཁོ་ནར་“ཨ་ཁུ་རྔ་མོང་ཐོན་དང་ནས་།”“ལམ་ནས་དཀའ་ལས་མ་བྱུང་ངམ།”“ཁྱོད་ཀྱིས་རྔ་མ་མཛེས་གི་ལ”ཞེས་འཚམ་འདྲི་དང་བསྟོད་ཚིག་གང་མང་ཕུལ་བ་དང་། དེའི་ལོགས་སུ་ཡོད་པའི་རྟ་ལ་ཅི་ཡང་ཟེར་མཁན་མེད་པས་སེམས་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་བྱུང་། ཉིན་ཞིག་ལ་རྔ་མོང་ཆུ་ཁར་རྩེད་འཇོ་ལ་རོལ་བའི་ཚེ།  གྲོགས་རྟ་ཕོ་ཚུར་རྒྱུག་ཡོང་སྟེ་བཤད་རྒྱུར། “ཨ་ཁུ་རྔ་མོང་ལགས། ངའི་ཆུང་དུས་ཀྱི་གྲོགས་པོ་ཞིག་གིས་དེ་རིང་བདག་ཁོའི་གཉེན་སྒྲིག་དགའ་སྟོན་གྱི་མགྲོན་དུ་བོས་ཡོད་པས་ང་མགྲོ་བསམ་མོད། ཁྱོད་རང་གཅིག་པུ་ཤུལ་དུ་བཞག་ན་མི་འགྲིག་པ་དང་། ཁྱོད་ཀྱི་བཞིན་རས་ཡང་ང་ལས་མཛེས་པོ་འདུག་པས་ཁྱོད་རང་སོང་ན་འགྲིག”ཅེས་བཤད་པས་སེམས་རྒྱུད་དྲང་བོའི་རྔ་མོང་གིས།“དེ་ག་ལ་འགྲིག  ཁྱོད་རང་མགྲོན་པོར་བོས་ཡོད་པས་ཁྱོད་རང་སོང”ཅེས་བཤད། རྟའི་སེམས་ལ་ད་ཐེངས་ཁོའི་མཛེས་སྡུག་གི་རྔ་མ་དེ་ལེན་ཐབས་བྱེད་དགོས་སྙམ་སྟེ་བཤད་རྒྱུར། “ཨ་ཁུ་ལགས། འོ་ན་ཁྱེད་ཀྱི་རྔ་མ་དེ་རིང་ང་ལ་གཡོར་དང་། སང་ཉིན་སྔ་མོ་ཆུ་ཁ་འདི་རུ་ཕྱིར་སྤྲོད་ངེས་ཡིན”ཞེས་ཡང་དང་ཡང་དུ་བརྗོད་པས།  རྔ་མོང་གིས“སང་ཉིན་ཕྱིར་སྤྲོད་ན་དེ་རིང་ཉིན་གཅིག་པུར་གཡར་ན་ཆོག”ཅེས་བཤད་པ་དང་སང་ཉིན་ཕྱིར་སྤྲོད་དགོས་པའི་དམ་ཚིག་བཞག་སྟེ་གཅིག་གཅིག་གི་རྔ་མ་བརྗེས་ཏེ་སོ་སོར་གྱེས།  དེའི་ཕྱི་ཉིན།  རྔ་མོང་སྔ་མོ་ནས་ཆུ་ཁར་སོང་ཡང་རྟའི་གྲིབ་གཟུགས་ཙམ་ཡང་མ་མཐོང་།  ཉིན་གུང་བར་དུ་བསྡད་ཀྱང་རྟའི་རྨིག་སྒྲ་ཙམ་ཡང་མ་ཐོས།  དུས་དེ་ནས་བཟུང་རྟ་དང་རྔ་མོང་གཉིས་ཡུན་རིང་བོར་ངོ་ཕྲད་མ་བྱུང་།  དེ་ལྟར་རྟའི་རྔ་མ་རིང་ཞིང་མཛེས་ལ།  རྔ་མོང་གི་རྔ་མ་ཐུང་ཞིང་རྩུབ་པའི་ཁུངས་ཡང་འདི་ནས་བྱུང་།  དེར་བརྟེན།  རྔ་མོང་རྒྱུན་དུ་ཆུ་ཁར་སླེབས་དུས་ཆུ་མ་འཐུང་བའི་སྔོན་ལ་ཕྱོགས་བཞིར་བལྟ་བའི་རྐྱེན་ཡང་འདི་ནས་བྱུང་བ་ཡིན་ཟེར།