ལ་སྲས་དང་བློན་པོའི་བུ།

最后更新于:2018-08-26 15:34:19

དེ་ཡང་སྔོན་གྱི་ཚེ་ན། རྒྱལ་བོ་དང་བློན་པོ་ཞིག་ཡོད་པ་དང་།  ཁོ་གཉིས་ལ་བུ་རེ་ཡོད། བུ་དེ་གཉིས་ལང་ཚོ་རྒྱས་པའི་དུས་སུ། རྒྱལ་བློན་གཉིས་ཀྱི་བཀའ་ལྟར་ཡུལ་གཞན་ལ་སོང་སྟེ་མཐུ་རྩལ་བསླབས།  བུ་དེ་གཉིས་ཀྱིས་ལོ་གསུམ་ལ་དཀའ་སྤྱད་སྡུག་རུས་སྤྱད་ནས་མཐུ་རྩལ་ལེགས་པོ་ཞིག་སྦྱངས་ཟིན། ཉིན་ཞིག་བློན་པོའི་བུས་བཤད་རྒྱུར། ང་ཚོས་མཐུ་རྩལ་སྦྱང་ནས་དུས་ཡུན་ཀྱང་རིང་བོ་ཞིག་འགོར་ཟིན་པས། ད་ངེད་གཉིས་ཕྱིར་ཕ་ཡུལ་ལ་འགྲོ་ཞེས་བཤད་ནས། ཁོ་གཉིས་ཕྱིར་ཕ་ཡུལ་གྱི་ལམ་ལ་ཆས།

ལམ་རིང་བོར་བློན་པོའི་བུས་རྒྱལ་སྲས་ཇི་ལྟར་གསོད་པའི་ངན་སེམས་བཅིང་། སྐབས་ཤིག་ནས་ཁོ་གཉིས་ཀྱིས་ཕུག་རོན་གྱི་རོ་ཞིག་རྙེད།  རྒྱལ་སྲས་ནི་བྱམས་སྙིང་རྗེ་ལྡན་པས། ཕུག་རོན་གྱི་རོ་དེ་མཐོང་ནས་ཕུག་རོན་ཞིག་ཤི་འདུག། ངོ་མ་སྙིང་མ་རྗེ་ཟེར། བློན་པོའི་བུས་སེམས་ལ་ད་ནི་གོ་སྐབས་བཟང་པོ་ཞིག་རེད་སྙམ་ནས་རྒྱལ་སྲས་ལ་འདི་ལྟར་བཤད། འོ་ན། ཁྱེད་ཀྱིས་མཐུ་རྩལ་བཀོལ་ནས་ཕུག་རོན་འདིའི་རོ་སྒང་ལ་ཁྱེར་ཟེར། དེ་ནས་རྒྱལ་སྲས་ཀྱིས་དེ་ཐབས་མཆོག་ཞིག་རེད། ཁྱེད་ཀྱིས་ངའི་བེམ་པོ་སྲུངས་ཤིག་ཟེར་ནས། ཁོའི་རྣམ་ཤེས་ཕུག་རོན་གྱི་ཁོག་ཏུ་འཛུལ་ནས་སྒང་ལ་འཕུར། ཕུག་རོན་འཕུར་རྗེས་བློན་པོའི་བུས་མྱུར་བུར་རྣམ་ཤེས་རྒྱལ་སྲས་ཀྱི་བེམ་པོའི་ཁོག་ཏུ་འཛུལ་ཏེ་རང་གི་བེམ་པོ་ཆུ་ལ་བསྐྱུར།  རྒྱལ་སྲས་ཀྱི་རྣམ་ཤེས་ཕྱིར་ཐོན་ཚེ་ན་རང་གི་བེམ་པོ་མེད་པ་མཐོང་ནས་སེམས་ཤིན་ཏུ་སྐྱོ། ཁོ་རང་ཐབས་མེད་པར་ཕྱིར་ཕུག་རོན་གྱི་བེམ་པོའི་འཛུལ་ཏེ་ནམ་རྒྱུན་སྡོང་མགོ་ནས་མགུར་གསུངས་ནས་བསྡད། བློན་པོའི་བུ་སྟེ་རྒྱལ་སྲས་རྫུན་མ་དེ་ཕྱིར་རྒྱལ་པོ་ཚང་ལ་སོང་ནས་བསྡད་ཀྱང་དུས་རྒྱུན་ཟས་ཞིམ་པོ་དང་རིན་པོ་ཆེ་བློན་པོ་ཚང་ལ་ཁྱེར་འགྲོ རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་དེ་མཐོང་ནས་སེམས་སྐྱོ་བ་དང་དོགས་པ་ཟས། ཉིན་ཞིག་ལ། བཙུན་མོ་ནགས་གསེང་ལ་འཆམ་འཆམ་དུ་སོང་།བཙུན་མོས་ཕུག་རོན་ཅིག་གིས་སྡོང་མགོ་ནས་མགུར་གསུངས་བཞིན་པ་ཐོས་ནས་ཡ་མཚན་སྐྱེས། དེ་ནས་མོར་དུས་རྒྱུན་དུ་ནགས་གསེང་དེར་སོང་སྟེ་ཕུག་རོན་དེ་ལ་འོ་མ་མཆོད།

ཉིན་ཞིག་ལ་ཕུག་རོན་གྱིས་བཙུན་མོར་འདི་ལྟར་དྲིས། ས་ཆ་འདིའི་རྒྱལ་སྲས་དང་བློན་པོའི་བུ་གཉིས་མཐུ་རྩལ་སྦྱང་བར་སོང་ནས་ཕྱིར་ཐོན་སོང་ངམ། བཙུན་མོ་ན་རེ། བློན་པོའི་བུ་དེ་ད་དུང་མ་ཐོན། ངེད་ཚང་གི་རྒྱལ་སྲས་ཕྱིར་ཐོན་བྱུང་། འོན་ཀྱང་ཁོ་བོ་སྔོན་དང་མི་འདྲ་སྟེ། དུས་རྒྱུན་བློན་པོ་ཚང་ལ་སོང་ནས་ངེད་གཉིས་ལ་འདུག་གྲོགས་མི་བྱེད། ད་དུང་རིན་པོ་ཆེ་ཡང་ཁོ་ཚང་ལ་ཁྱེར་འགྲོ་ཟེར། རྒྱལ་སྲས་ཀྱིས་གནས་ཚུལ་དེ་ཤེས་རྗེས་སེམས་ལ་རང་ཉིད་འདི་ལྟར་འདུག་མི་རུང་། ཐབས་ཞིག་འཐེན་དགོས་སྙམ་ནས་རང་ཉིད་རྒྱལ་སྲས་ངོ་མ་ཡིན་པ་དང་། ལམ་ནས་བྱུང་བའི་དོན་དག་ཐམས་ཅད་མགོ་ནས་མཇུག་བར་བཙུན་མོར་བཤད། བཙུན་མོ་ཕྱིར་ཕོ་བྲང་ལ་སོང་ནས་རྒྱལ་བོར་སྔོན་བྱུང་བའི་གནས་ཚལ་དེ་དག་བཤད། དེ་ནས་ཕྱི་ཉིན་རྒྱལ་བོ་བཙུན་མོ་དང་མཉམ་དུ་ནགས་ཚལ་དེར་སོང་ནས་གནས་ཚུལ་ངོ་མ་ཤེས་རྗེས་རྒྱལ་སྲས་དང་གྲོས་བྱས་།རྒྱལ་སྲས་ཀྱིས་ཡབ་རྒྱལ་བོར་བཤད་རྒྱུར།   དེ་དགོང་ཁྱེད་ཀྱིས་བློན་པོ་འགའ་བོས་ནས་འུ་ཚང་གི་ལྷས་རའི་ནང་གི་གླང་ཆེན་དེ་སོད་ཅིག། དེ་ནས་མཚན་མོར་སླེབས་རྗེས་རྒྱལ་བོས་བློན་པོ་འགའ་བོས་ནས་གླང་ཆེན་དེ་གསོད་དུ་བཅུག དེའི་ཕྱི་ཉིན། རྒྱལ་པོས་རྒྱལ་སྲས་རྫུན་མར་བཤད་རྒྱུར་ཁྱོད་ཀྱིས་མཐུ་རྩལ་སྦྱང་ཡོད་པས། གླང་ཆེན་འདི་སྒང་ལ་འགྲོ་རུ་བཅུག་སྟེ་བློན་པོར་བཤའ་རུ་བཅུག་ཟེར། རྒྱལ་སྲས་རྫུན་མས་ལགས་སོ།  ཡབ་རྒྱལ་པོ་ལགས།  འོན་ཀྱང་ཁྱོད་ཀྱིས་ངའི་བེམ་པོ་སྲུང་དགོས་ཟེར་ནས་རང་གི་རྣམ་ཤེས་གླང་ཆེན་དེའི་ཁོག་ཏུ་འཛུལ་ནས་སྒང་དུ་སོང་། སྐབས་དེར་རྒྱལ་སྲས་ངོ་མ་དེ་ཕུག་རོན་གྱི་བེམ་པོ་ལས་ཕྱིར་བུད་དེ་རང་གི་བེམ་པོའི་ནང་དུ་འཛུལ། དེ་ནས་གླང་ཆེན་དེར་ཁྲིམས་བཅད་དེ་རྒྱལ་པོ་དང་བཙུན་མོ་བཅས་བདེ་སྐྱིད་ཀྱི་འཚོ་བ་རོལ།