སེང་གེ་དང་ཝ་མོ། རི་བོང་།

最后更新于:2018-08-26 15:20:22

སྔོན་ས་ཆ་ཞིག་ན།  སེང་གེ་དང་ཝ་མོ། རི་བོང་བཅས་གསུམ་གྱིས་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ཉིན་ཞིག་ལ་ཁོ་ཚོས་ཇག་རྐུན་ཞིག་རྐུ་ལ་ཕྱིན་ནས་རྒྱལ་བའི་ཕོ་བྲང་གི་ནོར་རྫས་འཁུར་ནས་ནགས་ཚུལ་བརྒྱུད་པ་མཐོང་ནས། རི་བོང་གིས་“ང་ཚོས་རྐུན་མའི་ལག་ནས་ནོར་རྫས་རྣམས་གཡོ་ཐབས་ཀྱིས་བླངས་ན་ཅི་འདྲ་འདུག་”ཅེས་བཤད་པ་ན།  སེང་གེ་དང་ཝ་མོ་གཉིས་ཀྱིས་དེ་རྣམས་ཇི་ལྟར་ལེན་ཐུབ་ཞེས་དྲིས་པར།  རི་བོང་གིས“ཁྱེད་གཉིས་ཀྱིས་འདིར་སྒུག་ནས་ལྟོས་དང་།  ང་རྐུན་མའི་མདུན་ནས་རྐང་བ་རྨས་ཕོག་ནས་ན་ཁུལ་གྱིས་དལ་མོར་འགྲོ་དང་། ཁོས་དངོས་བོ་རྣམས་ཐང་ལ་བཞག་སྟེ་ང་བདའ་ཁོ་ཐག་ཡིན། དུས་དེར་ངས་རྐུན་མ་དེ་ཧ་ཅང་ཐག་རིང་ཞིག་ལ་ཁྲིད་དེ་ཁོ་བསྐྱུར་རྗེས།  ཁྱེད་གཉིས་ཀྱིས་ཤུལ་ནས་ཁོའི་ནོར་རྫས་རྣམས་འཁྱེར་ཏེ་ཕྲོས་ཤིག  དེ་རྗེས་ང་ཚོ་ངེས་གཏན་གྱི་ས་ཆ་ཞིག་ནས་རེམ་པར་འཕྲད་རྒྱུ་བྱ”ཞེས་བཤད་པས་ཁོ་གཉིས་རི་བོང་གི་ཐབས་མཆོག་དེ་ལ་མོས་མཐུན་བྱུང་།

དེ་ནས་རི་བོང་དེ་ཇག་རྐུན་གྱི་མདུན་ནས་བྲག་ཐེམ་ཞིག་གི་སྟེང་ནས་མར་ལྡིང་སྟེ་རྐང་བ་རྨས་ཕོག་པ་ལྟར་ན་ཁུལ་གྱིས་གྱོལ་བཞིན་དལ་མོར་སོང་བ་ན།  རྐུན་མའི་སེམས་སུ་རི་བོང་འདི་འཛིན་ཐུབ་རྒྱུ་རེད་སྙམ་ནས་རི་བོང་དེ་བདའ་འགོ་བརྩམས། རི་བོང་ཐོག་མར་དལ་མོར་སོང་བ་དང་ཡུན་གྱིས་ཇེ་མགྱོགས་སུ་བཏང་ནས་བྲོས་པས་རྐུན་མས་རྐུས་ཡོང་བའི་ནོར་རྫས་རྩ་ཆེན་རྣམས་ཐང་ལ་བཞག་སྟེ་མུ་མཐུད་དུ་རི་བོང་དེ་རྒྱང་རིང་ལ་བདའ་ནས་འཛིན་ཨེ་ཐུབ་བལྟས།  སེང་གེ་དང་ཝ་མོ་གཉིས་ཀྱིས་རྐུན་མའི་ནོར་རྫས་རྣམས་འཁྱེར་ཏེ་ནགས་གསེང་དུ་བྲོས།  རྐུན་མས་རི་བོང་དེ་འཛིན་ལ་ཁད་བྱས་ཀྱང་འཛིན་མ་ཐུབ་ཅིང་རི་རྒྱབ་ཞིག་ལ་ཐོན་དུས་རི་བོང་བློ་བུར་དུ་ཇེ་མགྱོགས་སུ་བཏང་བས་རི་བོང་དེ་རྐུན་མའི་མདུན་ནས་གར་སོང་ཆ་མེད་དུ་གྱུར་བ་རེད།    དེ་ནས་རི་བོང་ཁོ་གཉིས་དང་མཉམ་དུ་འཛོམས་ཏེ་ནོར་རྫས་རྣམས་ཚང་རྩིས་རྒྱག་བཞིན་ཕྱིར་ཕོ་བྲང་ལ་སྤྲོད་ཐབས་གྲོས་མགོ་བརྩམས།   རྐུན་མས་རི་བོང་འཛིན་མ་ཐུབ་ཁོ་ཐག་ཆད་ནས་མྱུར་དུ་སྔོན་ནོར་རྫས་འཇོག་སར་ཐོན་པ་ན།  ནོར་རྫས་ཀྱང་གར་སོང་ཆ་མེད་དུ་གྱུར་བ་མཐོང་མ་ཐག་དྲན་པ་བརྒྱལ་ཙམ་བྱས་ནས་ལག་སྟོང་ངང་འགྲོ་དགོས་བྱུང་།  རི་བོང་སོགས་གྲོས་ཐག་ཆོད་རྗེས་ནོར་རྫས་ཡོད་ཚད་རྐུན་མར་ར་བདའ་བྱེད་པའི་རྒྱལ་བོའི་དམག་མི་རྣམས་ལ་སྤྲད་ཅིང་བློན་པོ་རྣམས་ལ་འཕྲོད་ནས་ཕྱིར་རྒྱལ་བོའི་ཕོ་བྲང་གི་བང་མཛོད་ནང་ལ་འཇོག་ཐུབ་པ་བྱུང་སོང་།།