སྤྱང་ཀི་དང་མ་མོ།

最后更新于:2018-08-26 16:31:59

སྔོན་ཞིག་ལ་ས་མཐའ་ཞིག་ན་སྤྱང་ཀི་ཞིག་དུང་ནང་དུ་ལྷུང་ནས་ཅི་བྱ་གཏོལ་མེད་དུ་གནས་ཡོད་ལ། ཉིན་ཞིག་ལ་མ་ཞིག་གིས་རྩ་ཟོས་ནས་སྤྱང་ཀི་ལྷུང་ཡོད་པའི་དུང་དེའི་ཁར་སླེབས་བྱུང་།

སྤྱང་ཀིས་མ་མོ་མཐོང་ནས་རབ་དུ་དགའ་ཏེ། ཨ་རོགས་མ་མོ་ལོ་ལོ། ཁྱོད་ཀྱིས་ང་དུང་འདིའི་ཁར་ཅིག་ལོངས་ཞེས་ཞུ་བ་བྱས་པས་ན། མ་མོས་ཕྱིར་སྤྱང་ཀི་ལ། ངས་ཁྱོད་ཕྱིར་བླངས་ན་ཆོག་མོད། གལ་ཏེ་ཁྱེད་རང་ཕྱིར་ཡོང་ནས་ང་བཟའ་རྒྱུ་ཟེར་ན་ངས་ཅི་ལྟར་བྱེད་རྒྱུ་ཡིན་ཞེས་བཤད།

སྤྱང་ཀིས་ང་ཨ་ཁུ་སྤྱང་ཀི་ཡང་དེ་ལྟ་བུ་ཞིག་ག་ལ་ཡིན། གལ་ཏེ་ཁྱེད་རང་ཡིད་མི་ཆེས་ན་ངས་ཁྱེད་ལ་མནའ་བསྐྱེལ་ཀྱང་ཆོག་ཞེས་སྤྱང་ཀིས་མནའ་བསྐྱལ་བ་ན། མ་མོ་ད་གཟོད་ཡིད་ཆེས་ནས་ལག་པ་དུང་ནང་དུ་བསྲིང་ནས་སྤྱང་ཀི་དུང་ཁར་བླངས།  སྤྱང་ཀི་དུང་ཁར་སླེབས་མ་ཐག་མ་མོ་ལ། ཨ་ཧ་ཧ། ད་ངས་ཁྱོད་ཟ་དགོས་པ་རེད་ལ་ཞིས་བཤད་པ་ན། མ་མོས་ཨ་ཁུ་སྤྱང་ཀི་ལོལོ་ཁྱེད་རང་གིས་ང་ཟ་མི་ཉན་ཡ། ཁྱེད་ཀྱིས་དུང་ཁར་ཡོང་ན་ང་མི་བཟའ་ཞེས་ཁས་བླངས་ཡོད་པ་མིན་ནམ་ཞེས་བཤད།

སྤྱང་ཀིས་ཕྱིར་གླེན་པ་ཁྱོད། འཇིག་རྟེན་ཁམས་ན་དཔེ་མང་པོ་ཡོད་ཡང་ལས་རྒྱུ་འབྲས་བསྲུང་མཁན་ནི་གཅིག་གཉིས་ལས་མི་འདུག་ཞེས་བཤད། མ་མོ་དང་སྤྱང་ཀི་གཉིས་ལས་རྒྱུ་འབྲས་ཡོད་མེད་ཀྱི་ཕྱོགས་ལ་རྩོད་གླིང་མང་པོ་བྱས་བྱས་ནས་ཀྱང་དོན་དེ་ལ་ཐག་མ་ཆོད་པས་གཞན་ཞིག་ལ་འདྲི་དགོས་ཞེས་ཐག་བཅད།

དེ་ནས་མ་མོ་དང་སྤྱང་ཀི་གཉིས་སོང་སོང་ནས་ལམ་ཁར་ཨ་ཁུ་རྟ་རྫི་ཞིག་དང་འཕྲད། མ་མོས་ཨ་ཁུ་རྟ་རྫི་ལ་རང་ཉིད་སྤྱང་ཀི་དང་ཇི་ལྟར་འཕྲད་པ། སྤྱང་ཀིས་རང་ཉིད་ལ་ཇི་ལྟར་ཁས་ལེན་ཚུལ། མཐར་རང་ཉིད་ཟ་རྒྱུ་ཟེར་བའི་གནས་ལུགས་རྣམས་ཨ་ཁུ་རྟ་རྫི་ལ་ཇི་བཞིན་དུ་བཤད་པ་ན། ཨ་ཁུ་རྟ་རྫིས་མ་མོ་ལོ་ལོ། སྤྱིར་ལས་རྒྱུ་འབྲས་ཡོད་པ་ཀུན་གྱིས་ཁས་ལེན་མོད། འོན་ཀྱང་རང་ཉིད་ཀྱི་ངོས་ནས་སྨྲས་ན་ཡོད་ཞེས་བཤད་རྒྱུ་དཀའ་མོ་ཞིག་རེད་ཡ། དེ་ནས་ཨ་ཁུ་རྟ་རྫིས་སྔོན་རང་ཉིད་ཀྱིས་ཁྱིམ་ཇི་ལྟར་སྐྱོང་ཚུལ། བུ་ཕྲུག་ལ་ཇི་ལྟར་བྱམས་སྐྱོང་བྱེད་ཚུལ། ད་ལྟ་བུ་ཕྲུག་གིས་སྒོར་ཕུད་པ་སོགས་སྨྲས་ནས་སྤྱང་ཀི་དགའ་སྟེ། ཧ་ཧ། ད་ཁྱོད་ཟ་དགོས་རྒྱུ་རེད་ལ་ཞེས་བཤད།

དེའི་ཚེ་མ་མོས་ཨ་ཁུ་སྤྱང་ཀི་ལོ་ལོ། ཁྱེད་རང་གིས་དེ་ལྟར་མ་བཤད། འུ་གཉིས་ད་རུང་གཞན་ཞིག་ལ་དྲི་ནས་ད་གཟོད་ཐག་གཅོད་བྱེད་ཞེས་སྨྲས་ནས། ཡང་ཁོ་གཉིས་སོང་སོང་པའི་མཐར་འབྲི་རྒན་ཞིག་དང་འཕྲད། མ་མོས་ཨ་ཁུ་རྟ་རྫིར་ཇི་བཞིན་དུ་དྲི་པས་ན། འབྲི་རྒན་མོས་ཡང་སྔོན་དུས་བདག་པོས་འོ་མ་དང་མར། ཕྱུར་བ་སོགས་བླང་ཚུལ་ད་ལྟ་རྒས་དུས་རི་རྒྱག་བྱེད་ཚུལ་སོགས་སྨྲས་པས་ན། སྤྱང་ཀིས་རབ་ཏུ་དགའ་སྟེ། མ་མོ། ད་ཁྱོད་ཀྱི་ལས་རྒྱུ་འབྲས་ཞེས་པ་མེད་པ་ཉིད་དང་འདྲ་བ་ཞིག་ཡིན་པ་རྟོགས་སོང་བ་ཡིན་ནམ། ད་ངས་ཁྱོད་ཟ་རྒྱུ་ཡིན་ཞེས་མ་མོའི་སྟེང་དུ་མཆོངས། མ་མོས་ཨ་ཁུ་སྤྱང་ཀི་ལོ་ལོ། ད་འུ་གཉིས་ཀྱི་གཞན་ཞིག་ལ་དྲི་ནས་ད་དུང་ལས་རྒྱུ་འབྲས་ཞེས་པ་མེད་པ་དང་འདྲ་བ་ཡིན་ཞེས་སྨྲས་ན་ཁྱེད་རང་གིས་ང་ཟོས་དང་ཆོག་ཞེས་བཤད་ཞོར་དང་འབྲོ་ཞོར་བྱས་ནས་སོང་། དེ་ནས་ཁོ་གཉིས་རི་བོང་ཞིག་ལ་ཐུག་སོང་། མ་མོས་དོན་དག་ཐམས་ཅད་མགོ་མཇུག་བར་གསུམ་ཇི་བཞིན་དུ་བཤད་པས་ན། རི་བོང་གིས་ཡ་ཡ་ཡ། ད་ཁྱེད་གཉིས་ཀྱི་དོན་དེ་ཐག་གཅོད་བཤད་རྒྱུ་ལས་སླ་མོ་ཞིག་མ་རེད་ཡ། ད་འུ་ཅག་ཁྱེད་གཉིས་གང་ཞིག་ནས་འཕྲད་པ་ཡིན་ན་དེར་སོང་ནསབཤད་ཞེས་སྨྲས་ནས་མ་མོ་དང་སྤྱང་ཀི་གཉིས་ཁྲིད་ནས་སྔོན་གྱི་དུང་དེ་ཁར་སླེབས།

རི་བོང་གིས་བཤད་རྒྱུར་ཁྱེད་གཉིས་ཀྱི་དོན་དེ་ངས་མ་གཏོགས་ཐག་གཅོད་བཤད་མི་ཐུབ་པས། ཁྱེད་གཉིས་ཀྱིས་ངས་ཁ་ཉན་དགོས། འོ་ན་ཁྱེད་གཉིས་ཐོག་མར་འཕྲད་དུས་ཇི་ལྟར་བསྡད་ཡོད་ཅེས་བྲེས་པ་ན། མ་མོ་དང་སྤྱང་ཀི་གཉིས་ཀྱིས་བཤད་རྒྱུར་སྤྱང་ཀི་དུང་ནང་ན་ཡོད། མ་མོ་དུང་ཁར་ཡོད་ཅེས་བཤད་དེ་སྤྱང་ཀི་དུང་ནང་དུ་ལྡང་སོང་། དེ་ནས་རི་བོང་གིས་ད་དོན་དག་ཐག་ཆོད་སོང་། སྔོན་ཇི་ལྟར་གནས་ཡོད་ན་དེ་ལྟར་བསྡད་ན་བཤད་རྒྱུ་མེད་པ་ཡང་དེ་ཡིན། རྒྱུ་འབྲས་ལས་ཀྱི་རང་འཁོར་ཟེར་བ་ཡང་དེ་ཡིན་ཞེས་བཤད་རྗེས་སྤྱང་ཀི་དུང་ནང་ནས་བསྐྱུར་དེ་མ་མོ་དང་མཉམ་དུ་ཕྱིར་ཡུལ་ལ་ལོག་པའོ།།