སྲས་གསུམ་པ་དུང་སྐྱོང་།

最后更新于:2018-08-26 16:34:38

སྔོན་ཆེད་ཀུན་དགའ་ཟེར་བའི་རྒྱལ་བོ་ཞིག་ཡོད་ལ། དེར་བླ་བྱ་ཞིག་ཡོད། ཐེངས་ཤིག་ལ། ཁོང་གི་བླ་བྱ་ཕྱི་རོལ་དུ་འཕུར་ཏེ་ཕྱིར་མ་ལོག་པས།  ཅུང་མ་འགོར་བར་རྒྱལ་བོ་ལ་ཡང་སྙུང་གཞི་དྲག་པོ་བྱུང་སྟེ་ཡར་ལངས་མ་ཐུབ། ཁོང་ལ་སྲས་གསུམ་ཡོད་པས་ཆེས་ཆུང་བའི་མིང་ལ་དུང་སྐྱོང་ཟེར་ཞིང་བློ་རིག་པ་ཧ་ཅང་རྣོ། རྒྱལ་བོས་ཁོ་ལ་ཤིན་ཏུ་གཅེས་ཤིང་ཁོས་ཀྱང་ཡབ་རྒྱལ་བོ་ལ་བརྩི་བཀུར་ཆེན་པོ་བྱེད་ཀྱིན་ཡོད།

དུང་སྐྱོང་གིས་ཡབ་རྒྱལ་བོའི་སྙུང་གཞི་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་གྱུར་པར་བལྟས་ཏེ་སེམས་ལ་འཚུབ་ཆ་ལངས་ནས། ཕུ་བོ་གཉིས་ལ་ཡབ་ཀྱི་སྙུང་གཞི་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་པས། ང་ཚོས་མགྱོགས་མྱུར་སྒོས་ཡབ་ཀྱི་བླ་བྱ་འཚོལ་བར་འགྲོ་ཞེས་བཤད་པས། ཕུ་བོ་གཉིས་ཀྱིས་ཀྱང་ནུ་བོས་བཤད་པ་བདེན་སྙམ་ནས་ལྷན་དུ་ཡབ་ཀྱི་བླ་བྱ་འཚོལ་དུ་འགྲོ་རྒྱུའི་ཁས་བླངས། འགྲོ་ཁར་རྒྱལ་བོས་ཁོ་གསུམ་ལ་མི་རེར་ཅ་ནེ་རེ་དང་མདའ་མོ་རེ་བྱིན་ནས་ཁྱོད་ཚོ་སོང་དང་། ལམ་སུམ་མདོ་རུ་སླེབས་ཚེ། ཐོག་མར་ཅ་ནེ་གསུམ་པོར་ཆུ་གང་རེ་ཆུས་ལ། དེ་ནས་མདའ་མོ་གསུམ་པོ་ཅ་གསུམ་གྱི་ཉེ་སར་བཙུགས་རྗེས།ཁྱེད་གསུམ་ཁ་བྲལ་ཏེ་རང་རང་གི་སར་སོང་ཞེས་རྒྱལ་བོས་སྐད་ཆ་མཇུག་མ་རྫོགས་གོང་ཕུ་བོ་གཉིས་ཀྱིས་ཁ་རྩོད་བྱེད་བཞིན་འདི་ལས་སླ་མོ་ཡིན་པས་ང་ཚོས་ཁྱེད་ཀྱི་གསུངས་བཞི་བསྒྲུབ་ཁོ་ཐག་ཡིན་ཞེས་བཤད། རྒྱལ་བོས་ཡང་བསྐྱར་གསུངས་རྒྱུར། སེམས་ལ་འཛིན་དགོས་པ་ནི་ཁྱོད་ཚོ་ཕྱིར་ཡོང་དུས། ངེས་པར་དུ་ཅ་ནེ་དང་མདའ་མོ་བཙུགས་ཡོད་ས་ནས་ངོ་ཐུག་སྟེ་མཉམ་དུ་ཡོང་དགོས། འོན་ཀྱང་ཡང་བཤད་དཀའ་སྟེ། ཁྱོད་ཚོ་འགྲོ་སའི་ལམ་ཐག་ཧ་ཅང་རིང་ལ། དེའི་ཁར་ས་ཆ་རྒྱུས་མེད་པས་རི་མཐོ་བ་དང་བྲག་གཟར་བ་སོགས་དཀའ་ངལ་གང་མང་ལ་འཕྲད་སྲིད་པས་སུ་སྔོན་ལ་ས་དེར་ཐོན་ན། སྔོན་ལ་ཅ་ནེ་དང་མདའ་མོ་ལ་ལྟོས་དང་། སུའི་ཅ་ནེ་ནང་གི་ཆུ་སྐམ་ཞིང་མདའ་མོ་ཆག་ཡོད་ན། མི་དེ་ལ་དོན་མི་ལེགས་་པ་བྱུང་ཡོད་པས། ཁྱོད་ཚོས་ཁོ་ལ་སྒུག་མི་དགོས་པར་ཐད་ཀར་ཕྱིར་ཤོག་ཅེས་གསུངས།

ཕུ་ནུ་གསུམ་པོས་རེ་རེ་བཞིན་སེམས་ལ་བཅངས་ནས། རང་རང་གི་ཅ་ནེ་དང་མདའ་མོ་བཟུང་སྟེ་ལམ་ལ་ཆས། ཉིན་འགའི་རིང་ལ་སོང་སོང་མཐར། ལམ་སུམ་མདོ་དེར་ཐོན། ཁོང་གསུམ་པོས་ཡབ་རྒྱལ་བོས་ཇི་ལྟར་གསུངས་པ་དེ་ལྟར་བསྒྲུབས། ཕན་ཚུན་ལ་བཅོལ་གདམས་རེ་གནང་རྗེས་སོ་སོའི་ལམ་ལ་ཆས།

སྤུན་ཆུང་བ་དུང་སྐྱོང་ལ་ལུང་མང་པོ་མང་པོ་བརྒལ་ཞིང་ནགས་ཚལ་དང་གཙང་བོ་གྲངས་མེད་བརྒྱུད་ནས། ལྗོན་ཤིང་གི་ཡལ་གས་ངོ་གདོང་ཐམས་ཅད་གཤགས་ཤིང་རྐང་བ་རྡོས་བརྡར་ཏེ་ཁྲག་དམར་འཛར། བསམ་ཡུལ་ལས་འདས་པའི་དཀའ་ལས་གང་མང་མྱངས་མཐར་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་མེ་ཏོག་གི་དྲི་ཞིམ་གང་སར་ཁྱབ་འུག་པའི་ས་ཆ་ཞིག་ཏུ་སླེབས།

ཉིན་ཞིག་ལ། དུང་སྐྱོང་སྒོམ་ཆེན་པ་ཞིག་ལ་འཕྲད། ཁོང་གིས་དུང་སྐྱོང་གི་གོམ་པ་རྙིང་རལ་ཅན་དང་། ངོ་དང་ལག་པ་རྡོ་གཡམ་སོགས་ཀྱིས་རལ་ནས་ཉམ་ཐག་པའི་གནས་ཚུལ་མཐོང་སྟེ་ཕྲེང་བ་སར་བཞག་སྟེ། ངག་འཇམ་པོས་ཞི་ལི། ཁྱོད་རང་མི་མེད་ལུང་སྟོང་འདིར་ཡོང་ནས་ཅི་བྱེད་གི་ཡོད་ཅེས་དྲིས། འདི་འདྲའི་ལུང་སྟོང་ཞིག་ནས་རྒད་པོ་གཤིས་འཇམ་འདི་འདྲ་བ་ལ་ཐུག་པས་དུང་སྐྱོང་གི་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས། ཡུན་རིང་ལ་མ་མཇལ་བའི་གཉེན་ཉེ་དང་འཕྲད་པ་ལྟར། ཡིད་སེམས་མགུལ་ནས་མཆི་མ་དབང་མེད་དུ་ཐོར། ཁོས་ཡབ་རྒྱལ་བོས་བླ་བྱ་འཚོལ་བའི་གནས་ཚུལ་མགོ་ནས་མཇུག་བར་ཐེངས་གཅིག་བཤད་པ་དང་། བླ་མ་རིན་པོ་ཆེ། ཐེངས་འདིར་ང་འདི་འདྲའི་ས་ཐག་རིང་བོར་ཡོང་ནས་ཡབ་ཀྱི་བླ་བྱ་རྙེད་དམ་ཞེས་དྲིས། སྒོམ་ཆེན་པས་སབམ་གཞིག་ཡུད་ཙམ་གནང་རྗེས་གསུང་རྒྱུར། ཁྱོད་ཀྱི་ཡབ་རྒྱལ་བོའི་བླ་བྱ་རྙེད་ཁོ་ཐག་རེད། འོན་ཀྱང་ཕྱིར་ལོག་པའི་ལམ་བར་དུ་ཁྱོད་རང་རྐྱེན་ངན་ཞིག་ལ་འཕྲད་སྲིད། ཡིན་ཡང་སེམས་འཚབ་མི་དགོས། ལྷཧས་ཁྱོད་ལ་མགོན་སྐྱོབ་གནང་ངེས་ཞེས་བཤད།

དུང་སྐྱོང་གིས་སྒོམ་ཆེན་པོའི་གསུང་ལ་ཉན་རྗེས་བཀའ་དྲིན་ཞུས་ཤིང་མུ་མཐུད་དུ་ནུབ་ཕྱོགས་སུ་སྐྱོད། དེ་རུ་བྱ་ཚོགས་ཀྱིས་གནམ་ས་གཡོགས་འདུག དུང་སྐྱོང་གིས་ཡབ་ཀྱིས་བླ་བྱ་འཚོལ་མགོ་བརྩམས། ཁོས་བཙལ་བཙལ་རྗེས་གློ་བར་དུ་སྡོང་རྒན་ཞིག་གི་མགོ་ན་ཚང་བཅས་འདུག་པ། གཤོག་རྡེབ་འགའ་བྱས་པ་ན་གསེར་ཕྱེ་དང་དངུལ་ཕྱེ་འཐོར་བའི་བྱ་ཞིག་མིག་ལམ་དུ་མངོན། ཁོས་ཡབ་ཀྱི་བླ་བྱ་ཡིན་པ་ངོས་ཟིན་ནས་དེ་བཟུང་སྟེ་ཕྱིར་འབྱོར་བའི་ལམ་ལ་ཆས། ལམ་བར་དུ་ཁོས་སེམས་སུ་དགའ་སྤྲོའི་ཁེངས་སྟེ་ཐང་ཆད་པ་དང་བཀྲེས་སྐོམ་སོགས་ཀྱང་བརྗེད། མྱུར་མོར་ལམ་སུམ་མདོ་དེར་སླེབས། ཁོས་ཅ་ནེ་ནང་གི་ཆུ་དང་མདའ་མོ་རྣམས་རྒྱུན་ལྡན་ཡིན་པ་མཐོང་ཞིང་ཕུ་བོ་གཉིས་སླེབས་རྗེས་མཉམ་དུ་ཡུལ་ལ་ལོག་པར་སྒུག་ནས་བསྡད།

ལག་སྟོང་དུ་ཕྱིར་ཐོན་པའི་ཕུ་བོ་གཉིས་ཀྱིས་དུང་སྐྱོང་གིས་ཡབ་ཀྱི་བླ་བྱ་རྙེད་ཡོད་པ་མཐོང་ནས། ལྐོག་ཏུ་གྲོས་བྱས་ཏེ་ངེད་གཉིས་ཀྱིས་ཡབ་ཀྱི་བླ་བྱ་མ་རྙེད་པར་དུང་སྐྱོང་གིས་རྙེད་ཟིན་པས། ཕྱིར་ཡུལ་དུ་ལོག་ན་རྒྱལ་སར་ཡང་འདུག་མི་ཐུབ། ད་ཅི་ཞིག་བྱ་ཞེས་ལྐཀོག་གཡོ་ངན་ཇུས་འཐེན་ནས་དུང་སྐྱོང་ལམ་བར་དུ་གསོད་རྩིས་བྱས།

ཉིན་དེར། ཁོ་གསུམ་རི་མཐོན་པོ་ཞིག་གི་རྩེ་བརྒྱུད་ནས་འགྲོ་སྐབས་སུ་ཕུ་བོ་གཉིས་ཀྱིས་ཕན་ཚུན་ལ་མིག་བརྡ་སྟོན་བཞིན། དུང་སྐྱོང་གིས་མཉམ་བཞག་མེད་པའི་སྦས་དང་བསྟུན་ཏེ་གཡང་གཟར་དུ་བསྒྲིལ།

དུང་སྐྱོང་མགོ་རྟིང་ཐེངས་འགའ་བརྒྱབ་རྗེས། བྲག་སྐེད་ཀྱི་གླག་ཚང་ཞིག་ཏུ་འགྲིལ། ཡར་བལྟས་ཚེ་རི་རྩེ་དགུང་སྔོན་གནམ་ལ་ཟུག་ཅིང་། མར་བལྟས་ན་གཅོང་རོང་ཞབས་ཡིན་པས་ཡར་འགྲོ་འདོད་ཀྱང་འགྲོ་མི་འཏུད་ལ། མར་འབབ་འདོད་ཀྱང་འབབ་མི་ནུས་པའི་འུདག་རྒྱུ་ལས་ཐབས་གཞན་མ་རྙེད། ལྟོགས་དུས་གླག་རྒོད་ཀྱིས་འཁུར་ཡོང་བའི་སྲོག་ཆགས་ཀྱི་ཤ་ཟས་ཏེ་ཉིན་རེ་རེ་འདའ་བར་བྱེད།

ཕུ་བོ་གཉིས་ཀྱིས་བླ་བྱ་ཁྱེར་ཏེ་ཡུལ་ལ་ལོག་ཅིང་ཡབ་རྒྱལ་བོ་ལ། ཡབ་ཆེན་ལགས། དུང་སྐྱོང་འཇིག་རྟེན་འདི་ན་ཡོད་མི་སྲིད་པས། ངེད་གཉིས་ཀྱིས་ཁྱེད་ཀྱི་བླ་བྱ་བཙལ་ཡོང་བ་ཡིན། ལམ་སུམ་མདོ་དེར་ཐོན་ཚེ་དུང་སྐྱོང་གི་ཅ་ནེ་ནང་གི་ཆུ་བསྐམས་འདུག་ལ་མདའ་མོ་ཡང་ཆག་འདུག དེ་ལྟར་ངེད་གཉིས་ཀྱིས་ཁོ་ལ་མ་སྒུག་པར་ཐད་ཀར་ཡུལ་ལ་ལོག་པ་ཡིན་ཞེས་བཤད། རྒྱལ་བོས་སྲས་གཉིས་ཀྱི་སྐད་ཆར་ཉན་རྗེས། སེམས་ནས་ང་ཡི་སྲས་གསུམ་པ་ནི་རིག་རྒོད་ཅིག་ཡིན་ལ། ཁོས་བླ་བྱ་མ་རྙེད་ཚེ་ཁོ་གཉིས་ཀྱིས་རྙེས་མི་སྲིད་ཅེས་སྲས་གཉིས་ཀྱིས་སྐད་ཆར་ཡིད་མ་ཆེས་མོད་ཁ་ནས་ཅི་ཡང་མ་བཤད།

སྐབས་དེ་ནས་བཟུང་སྟེ་རྒྱལ་བོའི་བླ་བྱ་སྔོན་ཆེད་ལྟར་མིན། ཐེངས་རེར་གྲགས་ཚེ་ཟླ་གཉིས་པའི་མ་མོ་ཆད་འདུག་པ་བཞིན་ཤུགས་ཟད་འདུག གཤོག་རྡེབ་ཐེངས་གཅིག་བྱས་ཚེ་ཐོར་ཡོང་བ་ནི་ས་རྡུལ་དང་ས་ཕྱེ་ཁོ་ན་ཡིན་པས། རྒྱལ་བོའི་སེམས་ལ་འདི་ནི་གསང་བ་ཞིག་རེད་འདོད། ཡིན་ཡང་ཇི་ལྟར་བྱས་ཀྱང་གསང་བ་དེའི་མཐིལ་རྟོལ་མ་ཐུབ།

དུང་སྐྱོང་གིས་གླག་ཕྲུག་ཆེས་ཆུང་བ་གམ་ཏུ་འཐེན་ཏེ་སྐེ་ལ་རྡོ་ཆུང་ཆུང་ཞིག་བཏགས་ནས་བཏང་། དེ་འཕུར་ཏེ་ཕ་རོལ་གྱི་རི་རྩེ་ཞིག་ཏུ་སོང་སྟེ་ཡུད་ཙམ་འགོར་རྗེས་ཕྱིར་འཕུར་ནས་ཡོང་། ཡང་ཁོས་དེ་ལས་ཆེ་བའི་གླག་ཕྲུག་གཅིག་གི་སྐེར་སྔོན་མ་ལས་ཆེ་བའི་རྣདོ་ཞིག་བཏགས་ནས་བཏང་། སྔོན་ལྟར་ཕྱིར་སོང་སྟེ་སླར་འཕུར་ནས་ཡོང་། དེ་ནས་ཁོས་ཆེས་ཆེ་བའི་གླག་རྒོད་དེའི་སྐེ་ལ་རྡོ་ལོག་ཅིག་བཏགས་ཏེ་བཏང། དེས་ཀྱང་ངལ་བ་མེད་པར་ལྡིང་སྐོར་ཞིག་བྱས་རྗེས་ཕྱིར་ལོག དེ་ནས་ཁོས་རང་ཉིད་གླག་རྒོད་དེའི་སྐེར་བཏགས། གླག་རྒོད་ཀྱིས་དུང་སྐྱོང་ཁུར་ཏེ་རི་མཐོན་པོའི་རྩེ་དང་གཙང་བོ་གང་མང་བརྒལ་མཐར་ས་ཆ་ཆ་མེད་ཅིག་ནས་ཐང་ལ་བབས་ཏེ་ཁོ་རང་གནས་དེར་བཞག གླག་ཚང་ནས་ཕྱིར་ཐོན་རུང་རྒྱུས་མེད་ཀྱི་གནས་འདི་ནས་ཁོ་ཅི་བྱེད་ཆ་མི་འཚལ་བའི་གནས་སུ་ལྷུང་། དེ་ནས་ཁོ་གནས་ངེསས་མེད་དུ་འཁྱམས་ནས་སོང་། ཉིན་འགའི་རྗེས་སུ་ཁོ་རང་ཚོང་བ་ཞིག་དང་འཕྲད་དེ་དེའི་ལག་གཡོག་བྱས་ཏེ་དུས་འདའ་བར་བྱེད།

ཉིན་ཞིག ཁོ་དང་ཚོང་བ་གཉིས་རྒྱལ་སར་ཐོན་པ་དང་མི་གཉིས་ལ་འཕྲད། དེ་གཉིས་ཀྱིས་ཁོ་རང་མཐོང་བའི་མོད་ལ་གསང་བ་ཞིག་རྟོགས་སོང་བ་བཞིན་འདི་ནི་རྒྱལ་བོ་ཀུན་དགའི་སྲས་གསུམ་པ་མ་རེད་དམ། ཨོ་རེད། ཁོ་ཐག་རེད། འཕྱུག་མེད་ཅེས་བརྗོད།

དུང་སྐྱོང་གིས་རྒྱལ་བོ་ཀུན་དགའ་ཞེས་ཡབ་ཀྱི་མཚན་དེ་ཐོས་མ་ཐག་སྤྲོ་བ་ཚད་མེད་སྐྱེས་ཏེ། མྱུར་མོར་དེ་གཉིས་ཀྱི་གམ་དུ་རྒྱུག་ཏེ་རང་གི་ཡུལ་གང་དུ་ཡོད་པ་དྲིས། མི་དེ་གཉིས་ཀྱིས་ཀྱེད་ཀྱིས་རང་གི་ཡུལ་བརྗེད་སོང་ངམ། འདི་ནས་ནུབ་ཕྱོགས་སུ་བསྐྱོད་དང་དེ་ན་ཡོད་ཅེས་སྨྲས་བྱུང་། དུང་སྐྱོང་གིས་གཏམ་དེ་ཐོས་རྗེས་སེམས་ལ་དགའ་བ་འབུམ་གྱི་མྱོས་ཤོིངཚོང་བ་དང་ཁ་བྲལ་ཏེ་མྱུར་མོར་ནུབ་ཀྱི་ཕྱོགས་སུ་བསྐྱོད།

དུང་སྐྱོང་སོང་སོང་ནས་ལྟོགས་སྐོམ་དང་དཀའ་སྡུག་གང་མང་མྱངས་ཤིང་། ལ་ལུང་དང་གཙང་བོ། རྩ་ཐང་སོགས་ལམ་ཐག་མང་བོ་བརྒྱུད་མཐར་གྲོང་ཁྱེར་ཞིག་གི་མཐའ་རུ་སླེབས། ཕོ་བ་ལྟོགས་ནས་བཟོད་དཀའ་བའི་གནས་སུ་ལྷུང་། ཁོས་སེམས་སུ་གྲོང་ཁྱེར་ལ་སོང་ནས་ཟས་ཤིག་སློང་དགོས་སྙམ་ནས་འགྲོ་བར་རྩོམ་དུས་སྔོན་ནས་མི་ཞིག་ཡོང་བར་དུང་སྐྱོང་གིས་མི་དེར། ཨ་ཁུ། འདི་ནི་རྒྱལ་བོ་སུ་ཚང་གི་མཁར་གྲོང་རེད་ཅེས་དྲིས། མི་དེས་ཁྱོད་ཀྱི་འདི་ཡང་མི་ཤེས་སམ། འདི་ནི་མིང་དུ་གྲགས་པའི་རྒཡལ་བོ་ཀུན་དགའི་ཕོ་བྲང་རེད་ཅེས་བརྗོད་བྱུང་།

ཨ། འོ་ན་འདི་ངའི་ཁྱིམ་ཡིན་ནམ།ཞེས་དུང་སྐྱོང་དགའ་དྲག་སྟེ་ཅི་བྱེད་འདི་བྱེད་མེད་པར་ཁྱིམ་གྱི་ཕྱོགས་སུ་རྒྱུག་ནས་སོང་། ཡ་མཚན་པ་ཞིག་ལ་སྐབས་དེར་རྒྱལ་བོའི་བླ་བྱ་གློ་བར་དུ་འགྱུར་ཏེ་སྔོན་ལྟར་སྐད་གསལ་ཞིང་སྙན་པ། གཤོག་རྡེབ་བྱས་ཚེ་གསེར་ཕྱེ་དང་དངུལ་ཕྱེ་ཐོར་བས། རྒྱལ་བོ་དགའ་བ་ཆེན་པོས་མྱོས་ཏེ་བླ་བྱ་པང་ཏུ་བླངས། ངས་ཉིན་མཚན་མེད་པར་རེ་སྒུག་བྱས་ཤིང་། དེ་རིང་ཁྱེད་ནི་ད་གཟོད་སྔར་དང་འདྲ་བར་གྱུར་ཟེར། ཏག་ཏག་སྐབས་དེར་དུང་སྐྱོང་ནང་དུ་ཐོན། རྒྱལ་བོས་སྲས་གསུམ་པ་གློ་བར་དུ་མིག་མདུན་ལ་ཐོན་པས་དགའ་ནས་ཅི་ཞིག་བྱེད་དགོས་པ་མ་ཤེས་པར་མྱུར་དུ་སྔོན་ལ་སོང་ནས་དུང་སྐྱོང་ལ་འཐམས་ཏེ། ཁྱོད་དེ་རིང་སོ་མ་ཡོང་དོན་ཅི། ལོ་འདི་འགའི་རིང་ལ་ཁྱེད་རང་གང་དུ་ཕྱིན་སོང་། དོན་ངོ་མར་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས།དུང་སྐྱོང་གིས་མིག་ཆུ་ཕྱི་བཞིན་གནས་ཚུལ་རྣམས་ཇི་བཞིན་དུ་ཞུས།

རྒྱལ་པོས་ཉན་རྗེས་ཁོང་ཁྲོ་ཆེན་པོས་ཨོ་ལེ། ངས་སྔ་མོ་ནས་སེམས་ལ་གལ་ཏེ་ཁྱོད་ཀྱིས་བླ་བྱ་མ་རྙེད་ན། ཁོ་གཉིས་ཀྱིས་རྙེད་མི་སྲིད་སྙམ་ཡོད་ཅེས་བཤད་དེ་རྐེད་ནས་གློ་གྲི་ཕྱུང་སྟེ་སྲས་ཆེ་བ་དང་འབྲིང་བ་གཉིས་གསོད་རྩིས་བྱ་སྐབས། དུང་སྐྱོང་གིས་ཡབ་ཀྱིས་ཁོ་གཉིས་གསོད་མི་དགོས། ཁོ་གཉིས་ངེད་ཚང་གི་གཡོག་པོ་བྱེད་ཆོག་ཅེས་བཤད། དེ་ནས་བཟུང་དུང་སྐྱོང་གིས་རྒྱལ་སྲིད་ལུགས་བཞིན་བསྐྱངས་ཤིང་ཕུ་བོ་གཉིས་ཀ་ཁོའི་ལག་འོག་གི་གཡོག་པོར་གྱུར་བའོ།།