སླེ་བོ།

最后更新于:2018-08-26 15:36:46

གནའ་སྔ་མའི་དུས་སུ།  སྡེ་བ་ཞིག་ན་ཁྱིམ་ཚང་ཞིག་ཡོད།  ཁྱིམ་འདི་ན་ཨ་མྱེས་དང་ཨ་ཕ། ཨ་མ། ཚ་བོ་བཅས་ཡོད། ཨ་མྱེས་ཀྱིས་ཚེ་གང་བོར་ཁྱིམ་བསྐྱངས་བས་ད་ལྟ་ལོ་ལོན་ནས་མགོ་ཡི་སྐྲ་དཀར་བོར་གྱུར་ནས་ལུས་ཟུངས་ཟད་དེ་རང་གི་བུ་དང་མནའ་མར་བ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།  སྤྱིར་བུ་དང་མནའ་མ་གཉིས་ཀྱིས་ཨ་མྱེས་གཉོར་སྐྱོང་བྱ་རྒྱུ་ནི་འོས་འགན་ཡིན་པ་དང་།  འོན་ཀྱང་བུ་དང་མནའ་མས་ཨ་མྱེས་ཁ་ལ་བཟའ་བ་ཟས་ལྷག་དང། ལུས་ལ་གོན་པ་གོས་ཧྲུལ་བྱིན་པས་ཨ་མྱེས་རྒྱུན་པར་ལྟོ་མི་འགྲངས་ཤིང་རྒྱབ་མི་ཁེབས་པའི་སྡུག་མྱངས་པར་མ་ཟད། ད་དུང་མནས་མས་སྡིགས་དམོད་བྱེད་པ་ལ་འང་ཉན་དགོས་པ་རེད།

དེ་ལྟར་དུས་ཡུན་རིང་བོ་འགྱངས་ཚེ་བཟའ་ཟླ་གཉིས་ཀྱིས་ལྐོག་ཏུ་ཨ་མྱེས་ས་ཐག་རིང་ཞིག་ལ་བསྐྱལ་བའི་གྲོས་བྱས། ཆུང་མས་བཤད་རྒྱུར“ཁོ་རང་ས་ཐག་རིང་ཞིག་ལ་བསྐྲད་ནས་ཕྱིར་ཡོང་མི་ཐུབ་པ་ཞིག་བྱས་ན་མི་སེམས་བཟང་ཞིག་དང་འཕྲད་སྲིད་ནའང་ཐང”ཟེར་ནས་ཕྱི་ཉིན་ས་རུབ་མ་ཐག་བཟའ་ཟླ་གཉིས་ཀྱིས་ཨ་མྱེས་སླེ་བོ་ཞིག་གི་ནང་ལ་འཇོག་གྲབས་བྱས་པ་ན། ཨ་མྱེས་ཀྱིས་དོན་མི་བཟང་བ་ཤེས་ནས་འཚབ་འཚུབ་ཀྱིས་“ཁྱོད་གཉིས་ཀྱིས་ཅི་བྱེད་པ་ཡིན”ཞེས་དྲིས་པ་ལ“ད་ངེད་གཉིས་ཀྱིས་ངོ་མ་ཁྱོད་གསོ་མི་ཐུབ་པས་ཁྱོད་རང་ཡུལ་གཞན་ཞིག་ཏུ་བསྐྱལ་རྒྱུ་ཡིན།  གནས་དེར་ཁྱོད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ།”ཟེར་བཞིན་བཙན་ཤུགས་ཀྱིས་ཨ་མྱེས་སླེ་བོའི་ནང་དུ་བཅུག་ནས་ཁུར་སོང་།

ཚ་བོས་ཨ་ཕ་སོང་ནས་མཐོང་ལ་མི་མཐོང་བའི་སྐབས་སུ་སྐད་ཆེན་པོས་“ཨ་ཕ་ལགས། ཁྱོད་ཀྱིས་ཨ་མྱེས་འཕངས་རྗེས་སླེ་བོ་མ་བརྗེད་པར་ཕྱིར་ཁྱེར་ཤོག”ཅེས་ཟེར།

ཨ་ཕས་སྐད་དེ་ཐོས་རྗེས།  ཅི་ཡིན་མ་ཤེས་པར་ཡ་མཚར་བའི་ངང་ནས“ཁྱོད་ཀྱིས་ཅི་བྱེད་རྒྱུ”ཞེས་དྲིས་པར། ཚ་བོ་སྔར་བཞིན་དེར་ལངས་ནས་དྲང་བོའི་ཚིག་གིས“ཁྱོད་རང་རྒས་པར་གྱུར་ཚེ་ངས་ཀྱང་ཁྱོད་འདི་ལྟར་ཁུར་དགོས་པས་སླེ་བོ་འདི་ང་ལའང་དགོས་མཁོ་ཡོད”ཅེས་ཟེར།   གཏམ་དེ་ཐོས་རྗེས་ཨ་ཕས་སེམས་ལ་ད་འདི་ལྟར་བྱེད་མི་རུང་བསམ་ནས་སླེ་བོ་དང་ཨ་མྱེས་ཁུར་ནས་ཕྱིར་ཐོན་ནས་གོས་བཟང་དང་ཟས་བཟང་བོ་ཟ་རུ་བཅུག་ནས་བསྡད་པའོ།