ཨ་ཁུ་དེ་ཕོ་དང་གཡོ་ཅན་ཝ་མོ།

最后更新于:2018-08-26 16:11:05

ཉིན་ཞིག་ལ།ཝ་མོ་ཞིག་ལྟོགས་དྲགས་ནས་གང་སར་ཟས་འཚོལ་བར་ཕྱིན་ཡང་ཁམ་གང་ཡང་མ་རྙེད་པ་རེད།དེ་ནས་ཁོ་ཡིད་ཐང་ཆད་དེ་འཁྱར་འཁྱོར་ངང་ནགས་འདབས་ཤིག་བརྒྱུད་དུས།སྡོང་རྩེ་ཞིག་ན་དེ་ཕོ་ཞིག་གིས་མཆུ་ཏོ་འབྲད་ཞོར་ངལ་གསོས་ཡོད་པ་མཐོང་།སྐབས་དེར་ཝ་མོའི་སེམས་ལ་ད་ནི་བློ་ཞིག་བཙལ་ཏེ་དེ་ཕོ་འདི་ཟ་དགོས་སྙམ་ཞོར་སྡོང་རྩར་ཕྱིན་ནས་བཤད་རྒྱུར་ཨ་ཁུ་དེ་ཕོ་ལགས།ཁྱོར་རང་སྡོང་རྩར་བསྡད་ནས་ཅི་བྱ། ཁྱོད་ཀྱིས་ད་དུང་ང་ཚོ་ཤིན་ཏུ་དགའ་འོས་པའི་འཕྲིན་གསར་དེ་མ་ཐོས་སམ་ཞེས་སྨྲས་པས།དེ་ཕོས་ལན་དུ་མ་ཐོས།མ་ཐོས་ལགས།འཕྲིན་གསར་ཅི་ཡོད་མྱུར་བར་གསུང་དང་ཞེས་སྨྲས།ཝ་མོས་ངོ་མ་བཤད་ན་དེ་རིང་བདག་འདིར་ཡོང་དོན་ནི་འཕྲིན་བཟང་དེ་ཁྱོད་ལ་སྒྲོག་ཆེད་ཡིན།སྲོག་ཆགས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཁ་སང་དངོས་སུ་གྲོལ་ནས།ཚོགས་འདུ་སྟེང་ཐག་གཅོད་བྱས་པ་ལྟར་ན།སྲོག་ཆགས་སོ་སོའི་བར་དུ་ཡུན་རིང་མཛའ་མཐུན་ཞི་བདེ་ཡོང་བ་དང་།རྗེས་ཕྱོགས་སྲོག་ཆགས་ཀྱི་གླིང་འདིར་སུ་ཡང་གང་ལ་སྐྲག་མི་དགོས་པར།ཚང་མས་རང་དབང་དང་བདེ་སྐྱིད་ངང་འཚོ་བ་རོལ་ཆོག་པ་རེད།དེའི་ཕྱིར་ཁྱོད་ཀྱང་མར་བོབས་དང་ངེད་གཉིས་ཀས་བཀྲ་ཤིས་པའི་ཚོགས་ཆེན་དེ་བསྡུས་པར་རྟེན་འབྲེལ་ཞུ་ལགས་ཞེས་བཤད།ཝ་མོ་ནི་སྤྱང་གྲུང་འཛོམས་ལ་གཡོ་ཐབས་ཅན་ཞིག་ཡིན་པ་དེ་ཕོ་སྔ་མོ་ནས་ཚོར་བས།ཁོས་ཝ་མོར།གྲོགས་བཟང་ཝ་མོ་ལགས།ད་ཐེངས་ཁྱོད་ཀྱི་ང་ལ་འཕྲིན་བཟང་ཞིག་ཁྱེར་ཡོང་འདུག བཀའ་དྲིན་ཆེ།ངོ་མ་བཀའ་དྲིན་ཆེ་ཟེར་ཞོར་སྐེ་བསྲིངས་ནས་ནགས་གསེབ་ཏུ་རྒྱང་ལྟ་བྱས།སྐབས་དེར་ཝ་མོས་ཅི་ཡིན་འདི་ཡིན་མ་ཤེས་པར་ཁྱེད་ཀྱིས་ཅི་ཞིག་ལ་ལྟ་བཞིན་ཡོད།མྱུར་བར་མར་བོབས་ཤིག་ཤིག་ཅེས་སྨྲས་པས། དེ་ཕོས་འོ།ས་འདི་ནས་ཐག་མི་རིང་བས་ས་ན་སྤྱང་ཀི་གཉིས་ཁ་ཆེ་ཆེར་གདངས་ནས་ཕྱོགས་འདིར་རྒྱུག་ཡོང་གིན་འདུག་ཅེས་བཤད་པས།ཝ་མོར་དངངས་སྐྲག་སྐྱེས་ཏེ་ལུས་ཡོང་འདར་སིག་སིག་བྱེད་བཞིན་བདེ་མོ་བྱོས།རྗེས་ནས་མཇལ།ང་མྱུར་བར་འབྲོ་རན་ཐལ་ཟེར་ནས་ཕར་རྒྱུར་རྩིས་བྱེད།མཚམས་དེར་དེ་ཕོས་མྱུར་བར་གྲོགས་བཟང་ལགས།ཁྱོད་ཅི་ཕྱིར་འབྲོ་དགོས།སྲོག་ཆགས་ཚོགས་འདུ་སྟེང་སུ་ཡང་སུ་ལ་སྐྲག་མི་དགོས་པའི་མཛའ་མཐུན་ཞི་བདེ་ཡོང་བར་བྱས་པ་མ་ཡིན་ནམ་ཞེས་དྲིས་པས།ཝ་མོས་འཚབ་འཚུབ་ངང་གཅན་གཟན་སྤྱང་ཀི་ཚོས་སྲོག་ཆགས་བར་དུ་ཞི་བདེ་ཡོང་དུ་འཇུག་པར་ང་རང་ཉིད་ཡིད་ཆེས་ཟེར་ཞོར་ཁ་ཕྱིར་འཁོར་ཏེ་དབུགས་ཐེངས་གཅིག་གིས་རི་སྒང་ཞིག་གི་ཕ་རོལ་ཏུ་བྲོས་སོ།།