ཨ་མ་འདྲེ་མོ་མཛོ་སྤྲུལ་མ།

最后更新于:2018-08-26 15:38:20

གནའ་སྔ་མོ་སྔ་མོ་ཞིག་ལ།   ཨ་མ་ཞིག་ལ་བུ་གསུམ་ཡོད།  ཉིན་ཞིག་བུ་ཆེ་བ་ལ་ཆུང་མ་ཞིག་བླངས།   གཉེན་སྒྲིག་རྗེས་བུ་ཆེ་བ་ཅི་ཡིན་འདི་ཡིན་མ་ཤེས་བར་ཤི་བ་རེད།

དེ་བས་བུ་མོ་དེ་བུ་འབྲིང་བའི་ཆུང་མ་བྱེད་དུ་བཅུག     སྐབས་མཐུད་ནས་བུ་འབྲིང་བ་ཡང་ཤི་བ་རེད།   དེ་ནས་ཡང་བུ་ཆུང་བའི་ཆུང་མ་བྱེད་དུ་བཅུག   གཉེན་སྟོན་མ་བྱས་བའི་གོང་དུ་བུ་མོས་བུ་ཆུང་བ་ལ་བཤད་རྒྱུར།   ཁྱེད་ཀྱི་ཨ་མ་ནི་ཁ་ནང་ནས་མེ་འབར་ཞིག་སྣ་ནང་ནས་དུ་བ་འཕྱུར་བའི་ཨ་མ་འདྲེ་མོ་ཞིག་རེད་ཅེས་བཤད།  བུ་ཆུང་བས་ཡིད་མ་ཆས།

དེ་བས་བུ་མོས་ཡང་བུ་ལ་བཤད་རྒྱུར་དེ་དགོང་ཁྱོད་ནགས་ཚལ་ནང་གི་སྡོང་རྒན་ཆེས་ཆེ་བ་དེའི་མགོར་འགོས།  དེ་ནས་ཐག་པས་བསྡམ་རྗེས་འདུད་པ་བརྒྱད་དང་རྡོ་རྗེ་རྒྱ་གྲམ་གྱི་འདུད་པ་ཞིག་བརྒྱོབ་ནས་སྡོད་དང་ཤེས་ཞེས་བཤད།  དགོང་མོ་ཉི་མ་ནུབ་ལ་རན་པའི་སྐབས་སུ་བུ་བུ་མོས་བཤད་པའི་ནགས་ཚལ་དེར་སོང་ནས་སྡོང་རྒན་ཆེས་ཆེ་བ་དེའི་མགོར་འགོས།  དེ་ནས་ཐག་པས་བསྡམ་རྗེས་རྡོ་རྗེ་རྒྱ་གྲམ་གྱི་འདུད་པ་ཞིག་དང་འདུད་པ་བརྒྱད་བརྒྱབ་ནས་བསྡད།   ནམ་གོང་གི་སྐབས་སུ་འབྲུག་སྒྲ་ལྡིར་ལྡིར་གྲགས་པ་དང་མཉམ་དུ་རྒྱང་རིང་ན་ཁོ་ཨ་མའི་ཁ་ནང་ནང་མེ་འབར།  སྣ་ནང་ནས་དུ་བ་འཕྱུར་ནས་ཐོན་བྱུང་། སྐེ་ན་གྲོད་པུ་ཞིག་ཡོད་པ་དེ་བླངས་ནས་ཤེད་ཀྱི་ཐང་ལ་རྒྱབ་པས་འདྲེ་ཆུང་བརྒྱ་དང་བརྒྱད་ཐོན་བྱུང་།

ཨ་མ་འདྲེ་མོས་དེ་རིང་ཅི་ཟ་རྒྱུར་ཞེས་དྲིས་པས།  འདྲེ་ཕྲུག་ཅིག་གིས་དེ་རིང་ཁྱེད་ཚང་གི་བུ་གཞན་གཉིས་ཟས་ཚར་བས་དེ་རིང་བུ་ཆུང་བ་ཟ་ཞེས་བཤད།   ཨ་མ་འདྲེ་མོས་གྲོད་པུ་ས་ལ་རྒྱབ་པས་བུ་ཐག་པའི་འདུད་པ་བརྒྱད་པོ་གྲོལ་ནས་རྡོ་རྗེ་རྒྱ་གྲམ་གྱིས་འདུད་པར་ཐོགས་ནས་བསྡད།   ཨ་མ་འདྲེ་མོས་ཡང་བསྐྱར་གྲོད་པུ་ས་ལ་རྒྱབ་རུང་བུ་ཆུང་བ་རྡོ་རྗེ་རྒྱ་གྲམ་གྱི་འདུད་པར་ཐོགས་ནས་བསྡད།  ཨ་མ་འདྲེ་མས་འདྲེ་ཕྲུག་ཚོར་བཤད་རྒྱུར།   དེ་རིང་སྔོན་མའི་ཟས་འཕྲོ་ཟ་དང་བུ་ཆུང་རྗེས་ནས་ཟ་ཞེས་བཤད།   ནམ་ལངས་ལ་ཁར་འདྲེ་སོ་སོ་རང་རང་སར་སོང་།   བུ་ཆུང་བ་ཡུལ་ལ་ཐོན་ནས་མཐོང་ཐོས་ཚང་མ་ཆུང་མར་བཤད།

ཆུང་མས་ཁོར་བཤད་རྒྱུར།  དེ་རིང་ཨ་མ་འདྲེ་མོ་མཛོ་མོའི་ཁོག་ལ་ཞུགས་ནས་ཁྱོད་གསོད་རྩིས་བྱེད་བཞིན་ཡོད་པ་རེད་ཅེས་བཤད།   བུ་སྐྲག་ནས་ད་ཅི་བྱེད་ཅེས་དྲིས་པར་བུ་མོས་དེ་དགོང་ཉི་མ་ནུབ་རན་པའི་སྐབས་སུ་ཁྱེད་ཀྱི་སྟ་རེ་བཟུང་ནས་སྒོ་རྒྱབ་ནས་ཡིབ་དང་མཛོ་ནང་ལ་ཐོན་མ་ཐག་རྭ་ཅོ་གཉིས་ཀྱི་བར་ལ་སྟ་རེས་རྒྱབ་ན་ད་གཟོད་ཨ་མ་འདྲེ་མོ་གསོད་ཐུབ་ཞེས་བཤད།

དགོང་མོ་ཉི་མ་ནུབ་རན་པའི་སྐབས་སུ་བུས་སྟ་རེ་བཟུང་ནས་སྒོ་རྒྱབ་ནས་ཡིབ་ནས་བསྡད།  མཛོ་ནང་ལ་ཐོན་མ་ཐག་རྭ་ཅོ་གཉིས་ཀྱི་བར་ལ་སྟ་རེས་རྒྱབ་ནས་ཨ་མ་འདྲེ་མོ་བསད།   དེ་ནས་བུ་དང་བུ་མོ་གཉིས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་དོ།