ཨ་མ་འདྲེ་མོ།

最后更新于:2018-08-26 15:39:27

གནའ་སྔོ་མོ་ཞིག་ལ་ས་ཆ་ཞིག་ན་ཨ་ཡེ་རྒན་མོ་ཞིག་ཡོད།  དེར་བུ་མོ་གསུམ་ཡོད།

ཉིན་ཞིག་ལ།   རྒན་མོ་དེ་བཤད་རྒྱུར།   བུ་མོ་ཚོ་དེ་རིང་ཨ་མའི་རུམ་ནས་སུ་ཉལ་རྒྱུ་ཞེས་དྲིས་པ་ན།  བུ་མོ་ཆུང་བས་ཨ་མའི་རུམ་ནས་ང་ཉལ་རྒྱུ་ཞེས་བཤད།   བུ་མོ་ཆེ་བས་ནམ་རྒྱུན་དུ་ཁྱོད་ཉལ་བ་རེད་དེ་རིང་ང་ཉལ་རྒྱུ་ཡིན་ཞེས་བཤད་ནས་བུ་མོ་ཆེ་བ་ཨ་མའི་རུམ་ནས་ཉལ།     ཉལ་ཁར་ཨ་མས་བུ་མོ་ཆུང་བར་སྔས་མགོར་སྲན་མ་དང་ཆུ་དཀར་ཡོལ་གང་འཇོག་ཏུ་བཅུག

བུ་མོ་གསུམ་པོའི་ཨ་མ་ངོ་མ་དེ་ནི་སྔ་མོ་ནས་ཨ་མ་འདྲེ་མོ་དེས་ཟོས་པས།  ད་བར་གྱི་ཨ་མ་ནི་ཨ་མ་འདྲེ་མོའི་སྤྲུལ་བ་རེད། ནམ་གུང་ཞིག་ལ་ཨ་མ་འདྲེ་མོས་བུ་མོ་ཆེ་བ་བསད་ནས་ཁྲག་རྙོག་རྙོག་རྙོག་འཐུང་།   བུ་མོ་ཆུང་བས་ཨ་མ་ཁྱེད་ཀྱི་ཅི་འཐུང་བཞིན་ཡོད་ཅེས་དྲིས།   ཨ་མས་བཤད་རྒྱུར།   ང་སྐོམ་ནི་ཟིག་རེད་དེ་བས་སྔོན་གྱི་ཆུ་དཀར་ཡོལ་གང་ཡོད་པ་དེ་འཐུང་བཞིན་ཡོད་ཅེས་བཤད།   ཡང་ཡུན་ཙམ་འགོར་རྗེས།   ཨ་མ་འདྲེ་མོས་བུ་མོ་ཆེ་བའི་རུས་པ་ཆག་ཆག་ཆག་འཆས།  བུ་མོ་ཆུང་བས་ཨ་མ་ཁྱེད་ཀྱི་ཅི་ཟ་བཞིན་ཡོད་ཅེས་དྲིས།  ཨ་མ་འདྲེ་མོས་བཤད་རྒྱུར།   ང་ཅུང་ཟད་ལྟོགས་ཡོད་པས་སྲན་མ་འཆའ་བཞིན་ཡོད་ཅེས་བཤད།     ནངས་མོ་མལ་ལས་ལངས་བ་ན།   ཨ་མ་འདྲེ་མོ་དང་ཨ་ཅེ་ཆེ་བ་ནི་མེད་པར་གྱུར།

ཕྱི་ཉིན་དགུང་མོ་ས་རུབ་བར་གྱུར་བ་ན།    ཨ་མ་འདྲེ་མོ་ཕྱིར་ཐོན།   བུ་མོ་གཉིས་གྱིས་ཨ་ཅེ་གང་ལ་བུད་སོང་ཞེས་དྲིས་པ་ན།   ཨ་མས་བུ་མོ་ཆེ་བ་སྡེ་བ་གཞན་ཞིག་ལ་མནའ་མར་བྱིན་ཞེས་བཤད།    བུ་མོ་ཚོ་དེ་རིང་ཨ་མའི་རུམ་ནས་སུ་ཉལ་རྒྱུ་ཞེས་དྲིས་པ་ན།  བུ་མོ་ཆུང་བས་ཨ་མའི་རུམ་ནས་ང་ཉལ་རྒྱུ་ཞེས་བཤད།   བུ་མོ་འབྲིང་བས་ནམ་རྒྱུན་དུ་ཁྱོད་ཉལ་བ་རེད་དེ་རིང་ང་ཉལ་རྒྱུ་ཡིན་ཞེས་བཤད་ནས་བུ་མོ་འབྲིང་བ་ཨ་མའི་རུམ་ནས་ཉལ།     ཨ་མས་བུ་མོ་ཆུང་བར་སྔས་མགོར་སྲན་མ་དང་ཆུ་དཀར་ཡོལ་གང་འཇོག་ཏུ་བཅུག     ནམ་གུང་ཞིག་ལ་ཨ་མ་འདྲེ་མོས་བུ་མོ་འབྲིང་བ་བསད་ནས་ཁྲག་རྙོག་རྙོག་རྙོག་འཐུང་།   བུ་མོ་ཆུང་བས་ཨ་མ་ཁྱེད་ཀྱི་ཅི་འཐུང་བཞིན་ཡོད་ཅེས་དྲིས།   ཨ་མས་བཤད་རྒྱུར།   ང་སྐོམ་ནི་ཟིག་རེད་དེ་བས་སྔོན་གྱི་ཆུ་དཀར་ཡོལ་གང་ཡོད་པ་དེ་འཐུང་བཞིན་ཡོད་ཅེས་བཤད།   ཡང་ཡུན་ཙམ་འགོར་རྗེས།   ཨ་མ་འདྲེ་མོས་བུ་མོ་འབྲིང་བའི་རུས་པ་ཆག་ཆག་ཆག་འཆས།  བུ་མོ་ཆུང་བས་ཨ་མ་ཁྱེད་ཀྱི་ཅི་ཟ་བཞིན་ཡོད་ཅེས་དྲིས།  ཨ་མ་འདྲེ་མོས་བཤད་རྒྱུར།   ང་ཅུང་ཟད་ལྟོགས་ཡོད་པས་སྲན་མ་འཆའ་བཞིན་ཡོད་ཅེས་བཤད།

ནངས་མོ་མལ་ལས་ལངས་བ་ན།   ཨ་མ་འདྲེ་མོ་དང་ཨ་ཅེ་འབྲིང་བ་གཉིས་མེད་པར་གྱུར།     དགུང་མོ་ས་རུབ་བར་གྱུར་བ་ན།    ཨ་མ་འདྲེ་མོ་ཕྱིར་ཐོན།   བུ་མོ་ཆུང་བས་ཨ་ཅེ་འབྲིང་བ་གང་ལ་བུད་སོང་ཞེས་དྲིས་པ་ན།   ཨ་མས་བུ་མོ་འབྲིང་བ་སྡེ་བ་གཞན་ཞིག་ལ་མནའ་མར་བྱིན་ཞེས་བཤད།   ཨ་མ་འདྲེས་མོས་བུ་མོ་ཆུང་བ་ལ་དེ་རིང་ཁྱོད་ཨ་མའི་རུམ་ནས་ཉལ་རྒྱུ་ན་ཞེས་དྲིས་པ་ན།  བུ་མོ་ཆུང་བས་ཡ་ཞེས་བཤད།   ཉལ་ཁར་ཐོན་རྗེས་ཨ་མ་འདྲེ་མོ་གཅིན་གཏོང་བར་སོང་།  བུ་མོ་ཆུང་བས་ཨ་མའི་རས་ལྭ་ཡར་བཀྱགས་ནས་བལྟས་བ་ན་རུས་པ་འགའ་དེའི་འོག་ན་སྦས་ཡོད།  མོ་སྐྲག་ནས་ཅི་བྱེད་མ་ཤེས་པར་ཡུད་ཙམ་ལ་ལུས།  དེའི་མཚམས་ལ་ཨ་མ་འདྲེ་མོ་ཕྱིར་ཐོན།   ཁོ་མོ་གཅོད་ཁང་འགྲོ་དགོས་ཞེས་བཤད་རྗེས་སྒོར་བུད་ནས་བྲོས།     མོ་བྲོས་བྲོས་ནས་བྲག་ཁ་ཞིག་ལ་ཐོན།    ཕྱིར་བལྟས་བ་ན་ཨ་མ་འདྲེ་མོས་ཡང་བདའ་ནས་ཐོན་ལ་ཁད་ཡོད།  དེ་བས་བུ་མོ་ཆུང་བས་ལྷ་ལ་ང་ལས་ཞིག་ཡོད་ན་ལྕགས་ཐག་འདོམ་པ་བརྒྱ་ལ་བརྒྱད་སྣོར།  ལས་མེད་ན་བ་ཐུག་འདོམ་བརྒྱ་ལ་བརྒྱད་སྣོར་ཞེས་གསོལ་བ་བཏབ་པ་ན།  གནམ་ནས་ལྕགས་ཐག་འདོམ་པ་བརྒྱ་ལ་བརྒྱད་སྣར་ནས་མོ་ཡར་འཐེན།   ཨ་མ་འདྲེ་མོ་རྗེས་ཆོད་ནས་བུ་མོ་ཁྱེད་ཀྱིས་ཨ་མ་གཅིག་པུ་བསྐྱུར་ནས་འགྲོ་རྒྱུ་ཡིན་ནམ་ཞེས་འུར་བརྒྱབ།  བུ་མོས་མོ་ཅི་ལྟར་ཡར་སོང་བ་བཤད་པས།   ཨ་མ་འདྲེ་མོས་ཡང་ལྷ་ལ་ང་ལས་ཞིག་ཡོད་ན་ལྕགས་ཐག་འདོམ་པ་བརྒྱ་ལ་བརྒྱད་སྣོར།  ལས་མེད་ན་བ་ཐུག་འདོམ་བརྒྱ་ལ་བརྒྱད་སྣོར་ཞེས་གསོལ་བ་བཏབ་པ་ན།  གནམ་ནས་བ་ཐུག་འདོམ་པ་བརྒྱ་ལ་བརྒྱད་སྣར་ནས་ཡོང་།   ཨ་མ་འདྲེ་མོས་བ་ཐུག་ལ་འཇུས་ནས་ཡར་ཡོང་བའི་མཚམས་ལ་བ་ཐུག་ཆད་ནས་བྲག་ལ་ལྷུང་ནས་ཤི།   དེ་ནས་བུ་མོས་འཚོ་བ་སྐྱིད་པོ་རོལ་ནས་བསྡད་དོ།