ཨ་མ་རི་བོང་།

最后更新于:2018-08-26 16:35:06

སྔོན་ས་ཆ་ཞིག་ན་ཨ་མ་དྲེད་མོང་ཞིག་དང་དྲེད་ཕྲུག་རྒྱ་རིལ་གཉིས་ཡོད།  ཉིན་ཞིག་ལ་ཨ་མ་རི་བོང་གནས་དེར་སླེབས།   ཨ་མ་དྲེད་མོང་ཟ་མ་འཚོལ་དུ་སོང་རྗེས།  ཨ་མ་རི་བོང་གིས་དྲེད་ཕྲུག་རྒྱ་རིལ་འདི་གསོད་ལ་བཏང་ཞེས་ངན་སེམས་དྲན། དེ་ནས་ཁོས་དྲེད་ཕྲུག་བསད་དེ་བ་མའི་ནང་ལ་དྲེད་ཕྲུག་རྒྱ་རིལ་གྱི་ཤ་བཙོས། རྒྱུ་མ་ལོག་ལོག་བྱས་ནས་ཁ་ལེབ་སྟེང་ལ་བཞག  དྲེད་ཕྲུག་གི་མགོ་ཉལ་སའི་ནང་ལ་བཞག་ནས་དེའི་འོག་ལ་ཕུག་རོན་ཞིག་བཅུག་ནས་བཞག  ཕྱི་དྲོ་ཨ་མ་དྲེད་མོང་ཕྱིར་ལོག   རི་བོང་གིས་བལྟས་ནས་བསྡད་པ་ན།   ཨ་མ་དྲེད་མོང་གིས་ཁ་ལེབ་སྟེང་གི་རྒྱུ་མ་ལག་མགོར་དཀྲིས་ནས་ཕར་བཞག་སྟེ་བ་མའི་ནང་གི་ཤ་ཟོས།  དེ་དུས་རི་བོང་གིས།  ཨེ་ཧེ།  དྲེད་ཤ་ཟ་ནི་ཚང་།  རྒྱུ་མ་ལག་མགོར་དཀྲི་ནི་ཚང་ཞེས་ཀི་བརྒྱབ།  དྲེད་མོང་གིས།  ཨ་འགོང་རིག་ཁ་ཤོ་གན་གི་ཅི་ཞིག་བཤད་གི་ཞེས་ཁ་ཡ་མ་བྱས། དེ་ནས་རི་བོང་གིས་ཡང་བསྐྱར་ཨེ་ཧེ་དྲེད་ཤ་ཟ་ནི་ཚང་།  རྒྱུ་མ་ལག་མགོར་དཀྲི་ནི་ཚང་ཞེས་འུར་བརྒྱབ་པས།   ཨ་མ་དྲེད་མོང་གིས་ཅི་ཞིག་རེད་དྲེད་ཕྲུག་རྒྱ་རིལ་གང་ན་ཡོད་ཅེས་སློག་པ་ཡར་འགྱོག་དུས་དྲེད་ཕྲུག་གི་མགོ་མར་ལ་འགྲིལ་ནས་ཐང་དུ་ལྷུང་། སློག་པའི་འོག་ནས་ཕུག་རོན་ཞིག་འཕུར་ནས་ཡོང་།  ཨ་མ་དྲེད་མོང་གི་དྲེད་ཕྲུག་རྒྱ་རིལ་ཤི་སོང་བ་ཤེས་ནས།  ཨ་རིག་རྒན་མ་ཞེས་གཞུག་ལ་དེད་ནས་ཨ་མ་རི་བོང་བཟུང་།   རི་བོང་གིས་དྲེད་མོང་ལ།   ཨ་ཁྱོད་ཀྱི་དྲེད་ཕྲུག་འཕུར་ནས་གནམ་ན་འགྲོ་བཞིན་ཡོད་པ་མ་མཐོང་ངམ་ཞེས་བཤད་པ་ན།   དྲེད་མོང་གི་གནམ་ལ་བལྟས་པའི་ཤུལ་ནས་རི་བོང་དྲེད་མོང་གི་ལག་ནས་ཤོར་ཏེ་བྲོས་པས་དྲེད་མོང་གི་ལག་ལ་མ་ཆུད་པ་རེད