ཨ་ཡེ་འདྲེ་མོ་དང་མ་བུ་བཞི།

最后更新于:2018-08-26 16:27:51

གནའ་དུས་སུ་རྒན་མོ་ཞིག་ཡོད་ལ་དེར་བུ་མོ་གསུམ་ཡོད། ཉིན་ཞིག་ལ་ཁྱིམ་གྱི་འབྲི་རྒན་མ་དེ་རི་མགོ་ནས་ཕྱིར་ཐོན་རྒྱུ་མ་བྱུང་། རྒན་མོས་བུ་མོ་རྣམས་ལ་ཁྱེད་ཅག་ཡུལ་ནས་སྡོད། ང་འབྲི་རྒན་མ་འཚོལ་དུ་འགྲོ་ཅེས་བཤད་རྗེས་བུད་སོང་། ལམ་བར་དུ་ཨ་ཡེ་ཞིག་ལ་ཐུག་པ་དེར་ཁོ་མོས་ཨ་ཡེ། ངེད་ཚང་གི་འབྲི་རྒན་མ་ཨེ་རིག་ཅེས་དྲེས། མ་རིག མ་རིག  ཁྱིམ་ལ་འགྲོ་འ་ཇ་སྐྱིད་པོ་ཞིག་འཐུང་ང་རྩམ་པ་མགོ་འདྲ་བོ་ཞིག་ཟོ་ཅེས་ཨ་ཡེ་དེས་རྒན་མོ་ཁྲིད་དེ་ཁྱིམ་ལ་ལོག རྒན་མོས་ཇ་འཐུང་སྟེ་རྩམ་པ་མགོ་འདྲ་བོ་ཞིག་བརྫིས་རྗེས་ཨ་ཡེ་ཀྱིས་ཁྱེད་རང་གིས་འཐུང་དང་ང་འགྲོ་འ་ཆུ་གང་འཁུར་ནས་ཡོང་ཞེས་བརྗོད་བཞིན་སྒོར་བུད། རྒན་མོས་རྩམ་པ་ཟ་རྒྱུ་ཟེར་བའི་སྐབས་དེར་ཨ་ཡེ་ཚང་ན་ཁྱི་རྒན་ཞིག་ཡོད་པ་དེས། ཝོ། ཝོ། ཕྱེད་ཀ་བྱིན་དང་ཕྱེད་ཁ་བཤད། ཚང་མ་བྱིན་དང་ཚང་མ་བཤད་ཟེར། རྒན་མོས་གདོན་ཁྱི་འདིས་ཅི་ཞིག་ཟེར་གི་ཞེས་སྡིགས་དམོད་འགའ་བྱས་ཏེ་ཚང་མ་རང་གི་ཟོས། མ་གཞི་ཨ་ཡེ་དེ་ནི་འདྲ་མོ་ཞིག་རེད་འདུག ཁོ་མོ་ཆུ་ཁར་ཕྱིན་རྗེས་སོ་བརྡར། ཕྱིར་ཁྱིམ་དུ་ལོག་རྗེས་རྒན་མོ་ཟོས།

བུ་མོ་རྣམས་ཀྱིས་ཡུན་རིང་སྒུག་རྗེས་ཨ་མ་ཕྱིར་མ་ལོག་པས་ཨ་ཆེ་རྗེས་སུ་མངགས། བུ་མོ་ཆེ་བ་ལམ་བར་ནས་ཡང་བསྐྱར་ཨ་ཡེ་འདྲེ་མོར་ཐུག  སྔོན་གྱི་གནས་ཚུལ་དང་འདྲ་བར་ཁོ་མོ་ཡང་ཨ་ཡེ་འདྲེ་མོས་ཁ་ཟས་སུ་གྱུར། བུ་མོ་འབྲིང་བ་ཡང་དེ་བཞིན་ཟས་སུ་གྱུར་བས་མཐར་བུ་མོ་ཆུང་བ་སོང་། ལམ་བར་དུ་ཨ་ཡེ་འདྲ་མོར་ཐུག་པས་དེས་ཁྱིམ་ལ་འགྲོ་འ་ཇ་སྐྱིད་པོ་འཐུང་ང་རྩམ་པ་མགོ་འདྲ་བོ་ཟོ་ཅེས་ཁོ་མོ་ཁྱིམ་ལ་ཁྲིད། བུ་མོས་ཇ་བཏུང་སྟེ་རྩམ་པ་བརྫིས་རྗེས་ཨ་ཡེ་འདྲེ་མོ་ཆུ་ལེན་པར་ཕྱིན། སྐབས་དེར་སྒོ་ཁའི་ཁྱི་རྒན་དེས་སྔར་བཞིན་ཝོ། ཝོ། ཕྱེད་ཙམ་ཕྱིན་དང་ཕྱེད་ཙམ་བཤད། ཚང་མ་ཕྱིན་དང་ཚང་མ་བཤད་ཅེས་ཟེར་བ་ལ། བུ་མོ་ཆུང་བས་རྩམ་པ་ཚང་མ་ཁྱི་དེར་བྱིན། དེ་ལྟར་ཁྱི་དེས་ཨ་ཡེ་འདྲེ་མོས་མཛོ་མོ་དང་མ་བུ་གསུམ་ཇི་ལྟར་བསད་པའི་གནས་ཚུལ་རྣམས་བུ་མོར་བརྗོད། ད་དུང་བཤད་རྒྱུར་ཡོས་སྤར་མོ་གང་དང་ཁོ་མོའི་སོ་མང་དང་ཤིག་ཤད་ཁྱེར་ནས་ཕྲོས། འདྲེ་མོས་རྗེས་ཟིན་ལ་ཁད་ཡོད་དུས་དེ་དག་རེ་རེ་བཞིན་གཏོར་དང་ཁྱེད་ཀྱི་སྲོག་སྐྱོབ་ངེས་ཡིན་ཅེས་བཤད་པ་ན། བུ་མོ་ཆུང་བས་མྱུར་དུ་ཨ་ཡེ་འདྲེ་མོ་དེས་སོ་མང་དང་ཤིག་ཤད། ཡོས་སྤར་མོ་གང་ཁྱེར་ནས་བྲོས། འདྲེ་མོས་ཆུ་འཁུར་ནས་ཕྱིར་ཐོན་དུས་བུ་མོ་མེད་པ་མཐོང་སྟེ་རྗེས་བསྙེགས་ནས་རྒྱུགས། རྗེས་ཆོད་ལ་ཁད་ཡོད་དུས་སོ་མང་འཕངས་པས་འདྲེ་མོས་དེ་བླངས་ཏེ་ང་ཚེ་གང་བོར་མཁོ་ནོ་འདི་ཡིན། ལན་གཅིག་ཕན་ནོ་འདི་ཡིན་ཞེས་སྨྲས་ཏེ་སོ་མང་ཕྱེར་ཁྱེར་ནས་ཡུལ་ལ་བཞག་སྟེ་ཡང་བསྐྱར་རྗེས་བསྙེགས། རྗེས་ཆོད་ལ་ཁད་ཡོད་དུས་ཡང་ཤིག་ཤད་འཕངས་པས་འདྲེ་མོས་དེ་བླངས་ནས་ང་ཚེ་གང་བོར་མཁོ་བ་འདི་ཡིན།ལན་གཅིག་ཕན་ནོ་འདི་ཡིན་ཟེར་ནས་ཡུལ་ལ་བཞག་སྟེ་ཡང་བསྐྱར་རྗེས་བསྙེགས། ཡང་རྗེས་ཟིན་ལ་ཁད་ཡོད་དུས་ཡོས་སྤར་མོ་གང་བོ་གཏོར་བས་འདྲེ་མོས་མགོ་སྒུར་ནས་དེ་བཏུས་པས་ཐར་སོང་ངོ་།།