རྣམ་དབྱེ་གཉིས་པ། ལས་སུ་བྱ་བ།

༡༽ཅི་ཞིག་ལ་ལས་སུ་བྱ་བ་ཟེར། ལན། བྱ་བའི་ཡུལ་ཞིག་གཞིར་བཟུང་ནས། དེ་ལ་བྱ་བ་ཞིག་བྱས་པ་དུས་གསུམགཙོ་བོར་སྟོན་པ་ཞིག་ལ་ཟེར། ལས། — བྱ་བའི་ཡུལ། བྱ་བ། — སེམས་ཅན་གྱི་རྩོལ་བ་དང་བེམ་པོའི་འགྱུར་བའོ། །

༢༽རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་རྣམ་དབྱེ་ལ་འཇོག་པའི་རྒྱུ་མཚན་ཅི། ལན། རྣམ་དབྱེ་གཉིས་པས་བྱ་བའི་གཞི་དང་བྱ་གཉིས་རྣམ་པར་སོ་སོར་ཕྱེ་ནས་གོ་བར་བྱེད་པས་སོ། །

༣༽རྣམ་དབྱེ་གཉིས་པ་སྟོན་བྱེད་ཀྱི་ཕྲད་གང་དག་ཡིན ལན། དེ་ནི་ལ་དོན་གྱི་ཕྲད་སུ་རུ་ར་ལ་ཏུ་དུ་ན་ཡིན་ནོ། །

༤༽རྣམ་དབྱེ་གཉིས་པ་ལ་དཔེར་བརྗོད་ཞོག ལན། དཔེར་ན། ཤར་ཕྱོགས་སུ་སོང་། ཁང་པ་རུ་ཚོན་བརྒྱབ། བུམ་པར་ཆུ་བླུགས ཐབ་ལ་མེ་བཏང་། ནང་དུ་ཡི་གེ་འབྲི། ལག་ཏུ་སྨྱུ་གུ་བཟུང་། རྟ་ལམ་ཆེན་ན་རྒྱུགས། ལྟ་བུའོ། །

༥༽གཉིས་པའི་ནང་ཚན་དེ་ཉིད་ཀྱི་མཚན་ཉིད་གང་ཡིན། ལན། བྱ་བའི་ཡུལ་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་གྱུར་ཏེ། དབྱེ་བ་འབྱེད་རྒྱུ་མེད་པ་སྟོན་པ་ཞིག་ལ་ཟེར་ཏེ། དཔེར་ན། གསེར་དུ་གྱུར། འོད་དུ་འཚེར། ལྟ་བུའོ། །