རྣམ་དབྱེ་དང་པོ། ངོ་བོ་ཙམ་བརྗོད་པ།

༡༽ཅི་ཞིག་ལ་རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ་ཟེར། ལན། ཆོས་གང་དང་གང་གི་རང་མིང་ཙམ་ལས་གཞན་ཅི་ཡང་མི་སྟོན་པའི་པ་ལ་ངོ་བོ་ཙམ་བརྗོད་པའམ་མིང་ཙམ་བརྗོད་པ་ཟེར།

༢༽དོན་གྱི་ངོ་བོ་ཙམ་བརྗོད་པའི་མིང་དེ་རྣམ་དབྱེ་ལ་འཇོག་དགོས་པའི་རྒྱུ་མཚན་ཅི། ལན། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དེས། རང་དང་ཆོས་གཞན་པའི་མིང་རྣམས་སོ་སོར་འབྱེད་པར་བྱེད་པས་རྣམ་དབྱེའི་མིང་གི་བཏགས་ཤིང་། མིང་རང་ལས་རྣམ་དབྱེ་དང་པོ་སྟོན་བྱེད་ཀྱི་ཕྲད་གཞན་སྟེར་རྒྱུ་མེད།

༣༽སླར་བསྡུའི་ཕྲད་རྣམས་རྣམ་དབྱེ་དང་པོ་སྟོན་བྱེད་ཀྱི་ཕྲད་ཨེ་ཡིན། ལན། སླར་བསྡུའི་ཕྲད་རྣམས་སྦྱར་གཞི་མིང་དག་ལ་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱར་ཏེ། རྣམ་དབྱེ་དང་པོ་དང་སྦྲེལ་ནས་བསྟན་པ་ཙམ་ལས། རྣམ་དབྱེ་དང་པོ་སྟོན་བྱེད་ཀྱི་ཕྲད་མིན་ནོ། །

༤༽རྣམ་དབྱེ་དང་པོའི་ཁོངས་གཏོགས་གང་དག་ཡོད། ལན། ① གཞི་མིང་རྐྱང་བརྗོད་པ་ཡོད་ཚད། (སློབ་བདེ་ཆེད་དུ་ཟུར་དུ་དག་ཡིག་བཟོས།) ②བྱ་བྱེད་ལས་གསུམ། (བདག་གཞན་དུས་གསུམ།) ③སྐུལ་ཚིག

༥༽ཅི་ཞིག་ལ་མིང་ཟེར། ལན། དོན་གྱི་ངོ་བོ་ཙམ་སྟོན་པ་ལ་མིང་ཟེར།

༦༽མིང་ལ་ངོ་བོའི་སྒོ་ནས་དབྱེ་ན་གང་དག་ཡོད། ལན།

【1】 དངོས་མིང་།

⑴དངོས་མིང་འདོད་རྒྱལ། དཔེར་ན། བུམ་པ། ཀ་བ། ཁང་པ། མི། ས། གནམ། དཔེ་ཆ། སྡོང་པོ། ཉ། རི་བོང་། ལྟ་བུའོ། ། ⑵དངོས་མིང་རྗེས་གྲུབ། དཔེར་ན། བཟོ་གྲྭ སློབ་གྲྭ སློབ་དེབ། དངུལ་ཁང་། ལྕགས་སྨྱུག རླངས་འཁོར། གནམ་གྲུ ལྟ་བུའོ། །

【2】བཏགས་མིང་།

⑴བཏགས་མིང་འདོད་རྒྱལ། དཔེར་ན། མི་ཕལ་བ་ཞིག་ལ་སངས་རྒྱས་སམ་ལྷ་མོ་ཞེས་བཏགས་པ་ལྟ་བུའོ། ། ⑵བཏགས་མིང་རྗེས་གྲུབ། ① འདྲ་བ་རྒྱུ་མཚན་དུ་བྱས་པ། དཔེར་ན། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བཏགས་པ་ལྟ་བུའོ། ། ②འབྲེལ་བ་རྒྱུ་མཚན་དུ་བྱས་པ། དཔེར་ན། ཆུ་ལ་འཚོ་བ་སྐྱེལ་བའི་བྱ་ལ་ཆུ་བྱ་ཞེས་བཏགས་པ་ལྟ་བུའོ། ། ③རྟེན་དང་བརྟེན་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་པ། དཔེར་ན། ཞིང་ནང་དུ་ས་བོན་འདེབས་པ་ལ་ཞིང་འདེབས་ཞེས་བཏགས་པ། ལྟ་བུའོ། ། ④རྒྱུ་ལ་འབྲས་བུའི་སྒོ་ནས་བཏགས་པ། ཡོས་འཐག་པ་ལ་ཕྱེ་འཐག་ཅེས་པ་ལྟ་བུའོ། ། ༧ ༽མིང་ལ་རིགས་ཀྱི་ཆ་ནས་དབྱེ་གང་དག་ཡོད། ལན།

① དངོས་པོའི་མིང་། ཉི་མ། སློབ་ཁང་། གློག་ཀླད། ལྟ་བུའོ། ། ② ཁྱད་ཆོས་ཀྱི་མིང་། དཀར་པོ། རིང་བོ། ངན་པ། ལྟ་བུའོ། ། ③ གྲངས་ཀའི་མིང་། བརྒྱ། འདོམ་གང་། རྒྱ་མ་གང་། ལྟ་བུའོ། ། ④ བྱ་བའི་མིང་། འགྲོ འཆད། སློབ། ལྟ་བུའོ། །