༄༅། །སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་ཞེས་བྱ་བ་བཞུགས་སོ།།

དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ། (༡༨༩༠ – ༡༩༥༩)

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གངས་ལྗོངས་ཞིང་གི་རྨོངས་པའི་སྨག །མཐར་བྱེད་ཀ་ཕྲེང་སྣང་བའི་གཏེར། །འདྲེན་མཛད་འཇམ་མགོན་ཐོན་མི་ལ། །བཀའ་དྲིན་དྲན་པས་ཕྱག་བྱས་ཏེ། །སྒྲ་འགྲོས་ཕྱོགས་ཙམ་མཐུན་པའི་རྒྱུས། །འབྲི་ཀློག་དོན་གསུམ་བལ་བ་ཛའི། །ཟླ་བོར་འཛིངས་བྱས་རྩྭ་མཆོག་རྩེ།། ཇི་བཞིན་འབྱེད་ལ་ཡིད་རབ་དང༌། །གང་ཞིག་མགྲིན་བཟང་གྲལ་དབུ་ལ། །ཡི་ག་ལོག་སྟེ་དཔྱོད་ལྡན་ཁྲིར། །འཛེག་འདོད་བློ་གསལ་འགའ་མཆིས་ན། །འཁྲུལ་སེལ་འབབ་སྟེགས་འདི་བསྟེན་རིགས། །

༼ཀ༽ཀ་དང་ཀྭ་དང་བཀའ་རྣམས་ནི། །ཀ་དག་ཀྭ་ཡེ་རྒྱལ་བའི་བཀའ། །ཀི་དང་ཀུ་དང་བཀུ་རྣམས་ནི༑ ༑ཀི་ཀང་ཀུ་ཤ་སྨན་བཀུ་བ། །དཀར་དང་སྐར་དང་བཀར་རྣམས་ནི། །མདོག་དཀར་རྒྱུ་སྐར་ལོགས་སུ་བཀར། །སྐ་དང་རྐ་དང་དཀའ་རྣམས་ནི། །སྐ་ཅོག་ཆུ་རྐ་ཚེགས་ཆེའི་དཀའ། །སྐུ་དང་རྐུ་དང་དཀུ་རྣམས་ནི། །ལྷ་སྐུ་ནོར་རྐུ་སྟ་ཟུར་དཀུ། །དཀན་དང་རྐན་དང་སྐན་རྣམས་ནི། །དཀན་གཟར་ཡ་རྐན་ནུས་རེ་སྐན། །སྐོན་དང་རྐོན་དང་དཀོན་རྣམས་ནི། །གོས་སྐོན་རྐོན་པ་རྙེད་དཀའི་དཀོན། །བརྐམ་དང་བསྐམ་དང་སྐམ་རྣམས་ནི། །བརྐམ་ཆགས་རླན་བསྐམ་སྐམ་པས་འཛིན། །སྐད་དང་སྐལ་དང་བསྐལ་རྣམས་ནི༑ ༑སྐད་ངག་ཐོབ་སྐལ་སྒྲོན་བསྐལ་དུས། །རྐོང་དང་སྐོང་དང་སྐུང་རྣམས་ནི། །ཟ་རྐོང་རེ་སྐོང་སྦ་བའི་སྐུང༌། །དཀྲོང་དང་བཀྲོངས་དང་ཀྲུང་རྣམས་ནི། །དཀྲོང་བསྐྱེད་བསད་བཀྲོངས་སྐྱིལ་མོ་ཀྲུང༌། །ཀྲོལ་དང་བཀྲོལ་དང་དཀྲོལ་རྣམས་ནི། །ཕུང་ཀྲོལ་བཅིངས་བཀྲོལ་དྲིལ་བུ་དཀྲོལ། །བཀྲས་དང་བཀྲེས་དང་བཀྲོས་རྣམས་ནི། །བཀྲས་རྔབ་བཀྲེས་སྐོམ་གདམ་པའི་བཀྲོས། །བཀྲུས་དང་བསྐྲུས་དང་དཀྲིས་རྣམས་ནི།། གདོང་བཀྲུས་ཟས་བསྐྲུས་སྲད་པུས་དཀྲིས། །ཀྱལ་དང་རྐྱལ་དང་བསྐྱལ་རྣམས་ནི། །ངག་ཀྱལ་ཆུར་རྐྱལ་གནས་སུ་བསྐྱལ། །སྐྱེས་དང་སྐྱས་དང་བསྐྱས་རྣམས་ནི། །ཤིང་སྐྱེས་སྐྱས་འདེགས་ཀ་ཅ་བསྐྱས། །སྐྱེད་དང་སྐྱེལ་དང་བསྐྱེད་རྣམས་ནི། །སྐྱེ་ཁེ་བསུ་སྐྱེལ་འབྲས་བུ་བསྐྱེད། །སྐྱེངས་དང་བསྐྱངས་དང་རྐྱང་རྣམས་ནི། །ཁ་སྐྱེངས་བུ་བསྐྱངས་རི་དྭགས་རྐྱང༌། །སྐྱེགས་དང་སྐྱེག་དང་སྐྱག་རྣམས་ནི། །རྒྱ་སྐྱེགས་རྩིས་སྐྱེག་ཕྱི་སའི་སྐྱག །སྐྱི་དང་སྐྱུ་དང་དཀྱུ་རྣམས་ནི། །སྐྱི་གཡའ་སྐྱུ་རུ་ཁ་ལོ་དཀྱུ། །བཀྱོན་དང་སྐྱོན་དང་བསྐྱོན་རྣམས་ནི། །བཀའ་བཀྱོན་སྐྱོན་མཚང་རྟ་ལ་བསྐྱོན། །སྐྱུག་དང་སྐྱིགས་དང་བཀྱིགས་རྣམས་ནི༑ ༑ཟས་སྐྱུག་སྐྱིགས་བུ་ཐ་གུས་བཀྱིགས། །སྐྱིད་དང་བསྐྱིལ་དང་བསྐྱུད་རྣམས་ནི། །བདེ་སྐྱིད་ཆུ་བསྐྱིལ་བརྗེད་པའི་བསྐྱུད། །དཀོར་དང་སྐོར་དང་ཀོར་རྣམས་ནི། །དཀོར་རྫས་མགོ་སྐོར་ཐོད་ལེ་ཀོར།། སྐུམ་དང་བཀུམས་དང་ཀིམ་རྣམས་ནི། །རྐྱོང་སྐུམ་སྲོག་བཀུམས་ཀིམ་པའི་འབྲས། །ཀེང་དང་རྐང་དང་བསྐངས་རྣམས་ནི། །ཀེང་རུས་རྐང་མར་མ་ཚང་བསྐངས༌། །བཀྱེད་དཀྱེལ་ཕྱིར་བཀྱེད་དཀྱེལ་ཆེ་བ། །བཀོད་བཀོལ་བཤམས་བཀོད་ཟུར་དུ་བཀོལ། །ཀན་བཀན་བད་ཀན་ལག་པ་བཀན། །བཀག་ཀེག་ལམ་བཀག་བར་ཆད་ཀེག །བཀོང་ཀོང་སྤ་བཀོང་མར་མེའི་ཀོང༌། །བཀད་བཀལ་བཀད་ས་ཁལ་སོགས་བཀལ། །བཀོག་ཀོག་རྡོ་བཀོག་ཀོག་གིས་ལངས། །ལྐོག་སྐོགས་ལྐོག་གྱུར་ཐུམ་གྱི་སྐོགས། །དཀོས་སྐས་དཀོས་ཐག་ཐེམ་པའི་སྐས། །བརྐོས་བསྐོས་ས་བརྐོས་ལས་བྱེད་བསྐོས། །བསྐྱུངས་སྐྱུང་གཅོམ་བསྐྱུངས་བྱ་སྐྱུང་ཀ །སྐྱོང་རྐྱོང་ཆོས་སྐྱོང་ལག་པ་རྐྱོང༌། །བསྐུས་བརྐུས་སྣུམ་བསྐུས་ལྐོག་ནས་བརྐུས། ། སྐུགས་ལྐུགས་རྒྱལ་སྐུགས་ཁ་ལྕེ་ལྐུགས། །སྐུད་སྐུལ་ཚོན་སྐུད་ཆོས་ལ་སྐུལ། །དཀྲིགས་དཀྲུགས་སྤྲིན་དཀྲིགས་གོ་རིམ་དཀྲུགས། །རྐུན་སྐུན་རྐུན་མ་སྐུན་བུ་སྣོད། །བཀྲལ་ཀྲད་དགོངས་བཀྲལ་ལྷམ་ཀྲད་གྱོན། །བཀྲི་བཀྲུ་ལམ་བཀྲི་དྲི་མ་བཀྲུ། །དཀྱུས་བསྐྱིས་དཀྱུས་མ་གྲོ་ནས་བསྐྱིས། །རྐྱེན་སྐྱེན་རྒྱུ་རྐྱེན་མྱུར་བའི་སྐྱེན། །བསྐྱོད་སྐྱོལ་རླུང་བསྐྱོད་སྐུད་པ་སྐྱོལ། །སྐྱར་བསྐྱར་ཆུ་སྐྱར་བལྡབས་ཏེ་བསྐྱར། །སྐྱུར་བསྐྱུར་རོ་སྐྱུར་ཤུལ་དུ་བསྐྱུར། །བརྐྱང་སྐྱང་སྲ་བརྐྱང་སྐྱང་ནུལ་བྱེད། །སྐེག་སྐག་རི་སྐེག་སྐར་མ་སྐག།།དཀྲོགས་སྐྲོག་ཞོ་དཀྲོགས་ཌ་རུ་སྐྲོག །དཀྱོག་སྐྱོགས་སྐེ་དཀྱོག་གཟར་བུའི་སྐྱོགས། །ཀླུང་ཀློང་ཆུ་ཀླུང་རྒྱ་མཚོའི་ཀློང༌། །ཀླག་བཀླགས་ཀླག་ཅོར་གསུང་རབ་བཀླགས། །

༼ཁ༽ཁུང་ཁུངས་ཁོང་ཁོངས་ཁུང་བུ་དང༌། །འབྱུང་ཁུངས་ཁོང་ཁྲོ་ཁོངས་སུ་གཏོགས། །ཁྲི་ཁྲུ་འཁྲི་འཁྲུ་གདན་ཁྲི་དང༌། །ལག་ཁྲུ་འཁྲི་ཤིང་སྦྱོངས་པའི་འཁྲུ། །འཁྲུད་འཁྲུལ་འཁྲིད་འཁྲིལ་དྲི་འཁྲུད་དང༌།། ནོར་འཁྲུལ་ལམ་འཁྲིད་ལུས་ལ་འཁྲིལ། །ཁད་ཁལ་མཁལ་འཁལ་རིམ་ཁད་དང༌། །མཛོ་ཁལ་མཁལ་མ་སྐུད་པ་འཁལ། །ཁོད་ཁོལ་འཁོལ་འཁོད་ཁོད་སྙོམས་དང༌། །ཇ་ཁོལ་གཡོག་འཁོལ་གྲལ་ལ་འཁོད། །ཁྱུད་དང་འཁྱིལ་དང་འཁྱུད་རྣམས་ནི། །མུ་ཁྱུད་མཚོ་འཁྱིལ་ཡུམ་ལ་འཁྱུད། །མཁས་དང་མཁོས་དང་འཁོས་རྣམས་ནི། །མཁས་པ་མཁོས་ཕབ་འཁོས་ཀ་ཆུང༌། །ཁུར་དང་འཁུར་དང་མཁུར་རྣམས་ནི། །ཁུར་བོ་སྣུམ་འཁུར་མཁུར་ཚོས་དམར། །ཁང་དང་ཁེངས་དང་འཁངས་རྣམས་ནི། །ཁང་བཟང་ཁེངས་དྲེགས་འཁངས་ར་བྱེད། །ཁྲུས་དང་མཁྲིས་དང་འཁྲིས་རྣམས་ནི། །སྐུ་ཁྲུས་མཁྲིས་པ་ཤིང་ལ་འཁྲིས། །ཁམ་དང་ཁམས་དང་འཁམས་རྣམས་ནི། །ཁམ་ཟས་འབྱུང་ཁམས་བརྒྱལ་བའི་འཁམས། །མཁྲིག་དང་ཁྲིག་དང་འཁྲིག་རྣམས་ནི། །མཁྲིག་མ་ཁྲག་ཁྲིག་གཡེམ་པའི་འཁྲིག །འཁྲིགས་དང་འཁྲུགས་དང་འཁྲུག་རྣམས་ནི༑ ༑སྤྲིན་འཁྲིགས་སེམས་འཁྲུགས་འཐབ་པའི་འཁྲུག །ཁྱུང་དང་འཁྱོངས་དང་ཁྱོངས་རྣམས་ནི། །བྱ་ཁྱུང་ཐུབ་འཁྱོངས་ཚོན་དྲུ་ཁྱོངས། །ཁུལ་དང་འཁུལ་དང་ཁུད་རྣམས་ནི། །ཡིན་ཁུལ་སེམས་འཁུལ་སྐྱེས་ཀྱི་ཁུད། །མཁའ་དང་ཁ་དང་ཁྭ་རྣམས་ནི། །ནམ་མཁའ་ཁ་ལྕེ་བྱ་རོག་ཁྭ། །ཁྲོད་དང་ཁྲོལ་དང་འཁྲོལ་རྣམས་ནི། །དུར་ཁྲོད་ནང་ཁྲོལ་རོལ་མོ་འཁྲོལ། །ཁྱོགས་དང་འཁྱོག་དང་ཁྱོག་རྣམས་ནི། །འཁུར་ཁྱོགས་ཤིང་འཁྱོག་མནན་པ་ཁྱོག །ཁྲེས་དང་འཁྲས་དང་ཁྲོས་རྣམས་ནི། །ཁྲེས་པོ་ཞེན་འཁྲས་ཁོང་ནས་ཁྲོས། །མཁྱིད་མཁྱུད་མཁྱིད་གང་སྦས་པའི་མཁྱུད། །མཁར་འཁར་མཁར་རྫོང་འཁར་བའི་རྔ། །ཁོག་འཁོགས་བྱང་ཁོག་རྒས་ནས་འཁོགས། །འཁོབ་འཁོབས་མཐའ་འཁོབ་ཁྱབ་པའི་འཁོབས། །ཁོ་མཁོ་ཁོ་བོ་མཁོ་ཆས་འཚོལ། །ཁས་ཁོས་ཁས་ཞན་མགོ་བོ་ཁོས། །ཁན་མཁན་ཁན་འཇོག་མཁན་པོ་བྱས། །ཁྱམས་འཁྱམས་བར་ཁྱམས་ཕྱོགས་སུ་འཁྱམས། །ཁྱོར་འཁྱོར་ཁྱོར་བ་གོམ་འགྲོས་འཁྱོར། །ཁུག་ཁུགས་དགྲ་ཁུག་སྟན་གྱི་ཁུགས། །ཁག་ཁེགས་ཁག་ཐེག་རིགས་པས་ཁེགས། །ཁྲིམས་ཁྲུམས་ཚུལ་ཁྲིམས་ཁྲུམས་སྟོད་སྨད། ཁྲེམ་ཁྲེམས་ཁྲེམ་གཉེར་ཆུ་ཁྲེམས་ཤིག །འཁུམ་འཁུམས་རྐང་འཁུམ་ཤེས་པའི་འཁུམས། །ཁྲིད་ཁྲུད་འོད་ཁྲིད་ཁྲུད་ཁུ་འབོ། །ཁྲག་མཁྲེགས་ཤ་ཁྲག་སྲ་ཞིང་མཁྲེགས། །འཁྲུངས་ཁྲུང་སྐུ་འཁྲུངས་བྱ་ཁྲུང་ཁྲུང༌། །ཁྱི་ཁྱུ་ཁྱི་ཕག་ར་ལུག་ཁྱུ། །ཁྱུར་འཁྱུར་ཁྱུར་མིད་ཤུལ་དུ་འཁྱུར། །འཁྱལ་ཁྱད་ངག་འཁྱལ་ཁྱད་དུ་བསད། ། ཁྲ་འཁྲ་ཁྲ་བོ་ཞེན་པའི་འཁྲ། །ཁྲབ་འཁྲབ་གོ་ཁྲབ་གྲོ་ནས་འཁྲབ། །འཁྱུག་འཁྱིག་གློག་འཁྱུག་ཐ་གུས་འཁྱིག །ཁྱོད་འཁྱོལ་ཁྱོད་རང་ཚེ་མཐར་འཁྱོལ། །ཁོར་འཁོར་ཁོར་ཡུག་ཆོས་འཁོར་བསྐོར། །

༼ག༽དགེ་དགེས་བགོས་དགོས་དགེ་བ་དང༌། །དགེས་དགྱེས་སྐལ་བགོས་དགོས་དོན་གྲུབ། །བསྒོས་སྒོས་རྒས་དགས་བཀའ་བསྒོས་དང༌། །སྤྱི་སྒོས་རྒས་འཁོགས་དུམ་བུར་དགས། །རྒད་སྒལ་དགལ་བརྒལ་རྒད་པོ་དང༌། །སྒལ་ཚིགས་ཁལ་དགལ་ཆུ་ལ་བརྒལ། །དགང་ལྒང་སྒང་བསྒང་སྣོད་དགང་དང༌། །ལྒང་ཕུག་རི་སྒང་བྱ་བའི་བསྒང༌། །བགོ་སྒོ་བསྒོ་དགོ་བགོ་བཤའ་དང༌། །སྒོ་གླེགས་བཀའ་བསྒོ་རི་དྭགས་དགོ །བརྒྱུད་རྒྱུད་སྒྱིད་བགྱིད་བླ་བརྒྱུད་དང༌། །ཕྲེང་རྒྱུད་སྒྱིད་ལུག་བྱེད་པའི་བགྱིད། །ག་དང་འགའ་དང་གྭ་རྣམས་ནི། །ག་ཤེད་འགའ་ཞིག་རྟ་གྭ་བ། །དགུ་དང་སྒུ་དང་རྒུ་རྣམས་ནི། །དགུ་ཕྲུགས་སྒུ་དོ་མཁོ་རྒུ་ཚང༌། །རྒོད་དང་རྒོལ་དང་བགོད་རྣམས་ནི། །བྱ་རྒོད་ཕྱི་རྒོལ་རྙེད་པ་བགོད། །འགོལ་དང་འགོད་དང་དགོད་རྣམས་ནི། །འགོལ་ས་བདེར་འགོད་རང་གནས་དགོད། །དགའ་དང་རྒ་དང་སྒ་རྣམས་ནི། ། སེམས་དགའ་རྒ་ཤི་ཁལ་རྟའི་སྒ། །དགག་དང་བགེགས་དང་བགགས་རྣམས་ནི། །དགག་སྒྲུབ་གདོན་བགེགས་འགྲོ་ལམ་བགགས། །བརྒྱད་དང་རྒྱལ་དང་བརྒྱལ་རྣམས་ནི། །གྲངས་བརྒྱད་རྒྱལ་ཕམ་དྲན་མེད་བརྒྱལ། །བསྒྲིལ་དང་འགྲུལ་དང་འགྲིལ་རྣམས་ནི། །སྐྱ་བསྒྲིལ་འགྲིམ་འགྲུལ་ཐུམ་གྱིས་འགྲིལ། ། རྒྱུས་དང་བརྒྱུས་དང་བགྱིས་རྣམས་ནི། །ལོ་རྒྱུས་སྟར་བརྒྱུས་བྱས་པའི་བགྱིས། །སྒྱེད་དང་དགྱེད་དང་བསྒྱེལ་རྣམས་ནི། །སྒྱེད་པུ་ཕྱིར་དགྱེད་རྩིག་པ་བསྒྱེལ། །རྒོངས་དང་དགུང་དང་དགོངས་རྣམས་ནི།། རྒོངས་ཀ་མཚན་དགུང་ཐུགས་དགོངས་གསལ། །སྒྱུ་དང་རྒྱུ་དང་བགྱི་རྣམས་ནི། །གཡོ་སྒྱུ་རྒྱུ་ལོང་བྱ་བའི་བགྱི། །དགྲོལ་དང་བགྲོད་དང་སྒྲོལ་རྣམས་ནི། །དགོངས་དགྲོལ་ལམ་བགྲོད་ཆུ་ལས་སྒྲོལ། །གྲིམས་དང་གྲུམ་དང་འགྲིམ་རྣམས་ནི། །བློ་གྲིམས་གྲུམ་བུ་རྒྱལ་ཁམས་འགྲིམས། །སྒར་དང་དགར་དང་བསྒར་རྣམས་ནི། །གུར་སྒར་ལུག་དགར་བུ་རམ་བསྒར། །གླེགས་དང་གླག་དང་གླགས་རྣམས་ནི། །གླེགས་བུ་བྱ་གླག་གླགས་ཚོལ་ངེས། །གླང་དང་གླེང་དང་གླིང་རྣམས་ནི། །གླང་ཆེན་གླེང་གཞི་སྐམ་སའི་གླིང༌།། བརྒྱངས་དང་རྒྱངས་དང་རྒྱང་རྣམས་ནི། །གད་བརྒྱངས་རྒྱངས་བུ་རྒྱང་འཕེན་པ། །གང་གངས་གང་ཞིག་ཁ་བའི་གངས། །འགེངས་འགངས་སྣོད་འགེངས་གཤིས་ཀྱི་འགངས། །གྲིབ་གྲུབ་བཙོག་གྲིབ་རྒྱུ་ལས་གྲུབ། །འགྲུབ་འགྲིབས་དོན་འགྲུབ་ཉམས་པའི་འགྲིབས། །འགོམས་འགོམ་ཐལ་འགོམས་རྐང་བས་འགོམ། །གལ་གད་གལ་ཆེ་སེར་ག་གད། །གས་གོས་གས་ཆག་ཕྱིང་སྣམ་གོས། །གུལ་གུད་གུ་གུལ་གུད་ན་མཆིས། །གུང་གོང་ཉིན་གུང་གོང་དུ་ཕུད། །གོམས་གོམ་གོམས་འདྲིས་གོམ་པའི་འགྲོས། །འགེལ་འགེད་ཁལ་འགེལ་བགོད་རྫས་འགེད། །བགམ་སྒམ་ཚོད་བགམ་ཟབ་པའི་སྒམ། །གོལ་གོད་ལམ་གོལ་གོད་ཁས་བརླགས། །རྒུད་སྒུལ་དར་རྒུད་སྒུལ་ཞིང་སྐྱོད། །མགལ་འགལ་མགལ་དུམ་མི་མཐུན་འགལ། ། བརྒྱགས་རྒྱགས་ལམ་བརྒྱགས་ཁེངས་པའི་རྒྱགས། །གི་གུ་ཕ་གི་ཐ་གུ་སྒྲིལ། །སྒོང་བསྒོངས་བྱ་སྒོང་མེ་ཤིང་བསྒོངས། །འགུལ་མགུལ་གཡོ་འགུལ་མགྲིན་པའི་མགུལ། །སྒོམ་བགོམས་སྒོམ་ཆེན་གོམ་པ་བགོམས། །མགོ་འགོ་ལུས་མགོ་བྱ་བའི་འགོ །རྒན་བརྒན་རྒན་པོ་ལེ་བརྒན་དར། །དགུན་རྒུན་དགུན་དུས་རྒུན་འབྲུམ་ཟ། །སྒེག་བསྒགས་འཇོ་སྒེག་མནའ་བསྒགས་པ། །དགྲ་སྒྲ་དགྲ་བོ་སྐད་སྒྲ་ཉམས། །སྒྲོག་སྒྲོགས་ལྕགས་སྒྲོག་སྒྲ་ཆེན་སྒྲོགས། ། གྲུང་སྒྲུང་སྤྱང་གྲུང་གེ་སར་སྒྲུང༌། །སྒྲོ་བགྲོ་བྱ་སྒྲོ་བགྲོ་གླེང་བྱེད། །གག་གེགས་བྱ་གག་བར་ཆད་གེགས། །གྲོང་གྲོངས་གྲོང་ཁྱེར་ཤི་བའི་གྲོངས། ། བགྲོངས་བགྲུངས་སྐུ་བགྲོངས་རྙོག་མ་བགྲུངས། །སྒྲུབ་སྒྲིབ་སྲིད་སྒྲུབ་ཤེས་ཉོན་སྒྲིབ། །གྲེ་གྲོས་གྲེ་བ་གྲོས་ཀྱིས་བསལ། །གྱོས་གྱེས་གྱོས་སྒྱུག་སོ་སོར་གྱེས། །མགྲོན་འགྲོན་བོས་མགྲོན་ལམ་གྱི་འགྲོན། །རྒྱུག་རྒྱུགས་འདུར་རྒྱུག་ཁེ་ཚོང་རྒྱུགས། །གྲངས་གྲང་རྩིས་གྲངས་འཁྱགས་པའི་གྲང༌། །གྲོག་གྲོགས་ཁ་གྲོག་མཛའ་བའི་གྲོགས། །འགྱངས་འགྱིང་དུས་འགྱངས་ཁེངས་པའི་འགྱིང༌། །འགྱེད་འགྱེལ་ཕོགས་འགྱེད་རྩིག་པ་འགྱེལ། །གྲྭ་གྲ་གྲྭ་ཟུར་ཤིང་གྲ་མ། །གྱོད་གྱོལ་དགྲ་གྱོད་གྱོལ་བོ་དང༌། །གྱི་གྱུ་གྱི་ན་གྱ་གྱུ་ཆེ༑ ༑གྲགས་གྲག་སྙན་གྲགས་འབྲུག་ལྟར་གྲག །འགྲམ་འགྲམས་ཆུ་འགྲམ་ཁྱབ་པའི་འགྲམས། །གྲོད་གྲོལ་གྲོད་པ་བཅིངས་པ་གྲོལ། །བགྲད་བསྒྲལ་མིག་བགྲད་དགྲ་བོ་བསྒྲལ། །འགྲངས་འགྲེང་ལྟོ་འགྲངས་གྱེན་ལ་འགྲེང༌། །བགྲོས་བགྲེས་གྲོས་བགྲོས་དགུང་ལོ་བགྲེས། །དགྱངས་བསྒྱིངས་དུས་དགྱངས་སེང་གེ་བསྒྱིངས། །གྱལ་གྱད་ཡ་གྱལ་མི་ཐུང་གྱད། །འགྲས་འགྲོས་ཞེ་འགྲས་གོམས་པའི་འགྲོས། །མགྱོགས་འགྱོག་མྱུར་མགྱོགས་འདེགས་པའི་འགྱོག །བརྒྱུངས་སྒྱོང་བརྒྱུངས་པ་ཉེས་པ་སྒྱོང༌། །བགྲངས་བསྒྲེངས་གྲང་བགྲངས་རྒྱལ་མཚན་བསྒྲེངས། །དགུག་སྒུག་དགུག་གཞུག་གྲོགས་ལ་སྒུག །སྒྲིན་བསྒྲུན་མཁས་སྒྲིན་འགྲན་པའི་བསྒྲུན། །བསྒྲིགས་བསྒྲུགས་གྲལ་བསྒྲིགས་ཕྱེ་མར་བསྒྲུགས། །སྒྱེ་དགྱེ་སྒྱེ་མོ་ལྟག་པར་དགྱེ། །སྒྲེགས་བསྒྲགས་ཟས་སྒྲེགས་ཆོས་སྒྲ་བསྒྲགས། །

༼ང༽ང་དང་སྔ་དང་མངའ་རྣམས་ནི། །རུ་ང་དུས་སྔ་ཐུགས་ན་མངའ། །ངར་དང་མངར་དང་དངར་རྣམས་ནི། །ངར་སྣབས་རོ་མངར་ཟིལ་དངར་ཞིམ། །ངད་དང་ངལ་དང་མངལ་རྣམས་ནི། །དྲི་ངད་ངལ་དུབ་གཡོན་མའི་མངལ། །ངག་དང་མངག་དང་མངགས་རྣམས་ནི། །སྐད་ངག་མངག་གཞུག་རྒྱང་དུ་མངགས། །ངས་དང་ངོས་དང་ངེས་རྣམས་ནི། །བརྗེད་ངས་ངོས་འཛིན་ཚད་མས་ངེས། ། དངོས་དང་བརྔས་དང་བརྔོས་རྣམས་ནི། །དངོས་པོ་རྩྭ་བརྔས་ནས་སོགས་བརྔོས། །བརྔ་དང་རྔ་དང་ལྔ་རྣམས་ནི། །རྩྭ་བརྔ་བརྡུངས་རྔ་གྲངས་ཀྱི་ལྔ། །ངུར་སྔུར་ངུར་བ་སྔུར་བ་འདྲེན། །རྔུབ་བརྔུབས་དབུགས་རྔུབ་ཧུབ་ཀྱིས་བརྔུབས། །རྔོ་དངོ་རྔོ་ནད་གྲི་ཡི་དངོ༌། །ངོགས་རྔོག་འཇུག་ངོགས་རུས་ཀྱི་རྔོག །རྔན་བརྔན་གླ་རྔན་མཆོད་པའི་བརྔན། །རྔུལ་དངུལ་ལུས་རྔུལ་རིན་ཆེན་དངུལ། །མངོན་རྔོན་མངོན་གྱུར་རི་དྭགས་རྔོན། །རྔུ་ངུ་ཟུག་རྔུ་རྟག་ཏུ་ངུ༌། །སྔོ་བསྔོ་མདོག་སྔོ་དགེ་བ་བསྔོ། །སྔོགས་བསྔོགས་སྐྱོ་སྔོགས་མཚང་ནས་བསྔོགས། །རྔེའུ་སྔེའུ་རྔེའུ་ཕྲུག་མོན་སྲན་སྔེའུ། །ངན་དངན་ངན་འགྲོ་དངན་འཐེན་པ། །རྔོད་བརྔོད་གླ་རྔོད་བུད་མེད་བརྔོད། །ངང་སྔངས་ངང་བ་སྐྲག་ནས་སྔངས།། ངོམ་ངོམས་སྤྱོམས་ངོམ་ཚིམ་པའི་ངོམས། །སྔས་སྔོས་སྔས་འབོལ་གཞན་ལ་སྔོས། །རྔམ་རྔམས་བརྗིད་རྔམ་འཐུག་པའི་རྔམས། །སྔགས་བསྔགས་གསང་སྔགས་བསྟོད་པའི་བསྔགས། །

༼ཅ༽གཅིག་གཅུགས་ལྕུག་ལྕིགས་གྲངས་གཅིག་དང༌། །མཛའ་གཅུགས་ལྕུག་མ་བློ་ཡིས་ལྕིགས། ། ལྕུང་ལྕོང་གཅོང་གཅུང་ལྕུང་ག་དང༌། །ལྕོང་མོ་གཅོང་རོང་ནུ་བོའི་གཅུང༌། །ཅོག་གཅོག་ལྕོག་ལྕོགས་ཐོར་ཅོག་དང༌། །ཤིང་གཅོག་རིའི་ལྕོག་བློ་ཡིས་ལྕོགས། །བཅམས་གཅམ་ལྕམ་ཅམ་གྲོས་བཅམས་དང༌།། གཅམ་ཚིག་ལྕམ་དྲལ་ཅམ་གྱིས་འཇོག །ཅུར་བཅུར་བཅིར་གཅུར་ཅུར་ནིས་དང༌། །འཕྲང་བཅུར་རླན་བཅིར་ཕུག་ཏུ་གཅུར། །ཅད་བཅད་ཅལ་བཅལ་ཐམས་ཅད་དང༌། །ཤིང་བཅད་ཅལ་འདྲོག་སྲང་ལ་བཅལ། །ཅིང་དང་བཅིང་དང་བཅིངས་རྣམས་ནི། །གློད་ཅིང་བཅིང་བ་ལྔ་ཡིས་བཅིངས། །གཅི་དང་གཅུ་དང་ལྕི་རྣམས་ནི། །གཅིན་གཅི་ལུས་གཅུ་བའི་ལྕི་བ། །ལྕག་དང་ལྕགས་དང་གཅགས་རྣམས་ནི། །རྟ་ལྕག་མགར་ལྕགས་ཡིད་ལ་གཅགས། །ཅག་དང་བཅག་དང་བཅགས་རྣམས་ནི། །རང་ཅག་རྡོ་བཅག་ཞབས་ཀྱིས་བཅགས། །ཅེས་དང་བཅོས་དང་བཅས་རྣམས་ནི། །སྟག་ཅེས་བསྟན་བཅོས་དམ་བཅས་པ། །ཅེ་དང་ལྕེ་དང་གཅེས་རྣམས་ནི། །ཅེ་སྤྱང་ལྕེ་རྐན་གཅེས་འཛིན་ཆེ། །ཅི་དང་ཅུ་དང་བཅུ་རྣམས་ནི། །ཅི་ཞིག་སུམ་ཅུ་བཞི་བཅུ་དང༌། །ཅེར་དང་གཅེར་དང་བཅེར་རྣམས་ནི། །སྤྱི་ཅེར་མིག་གཅེར་བུད་ཤིང་བཅེར། །གཅིས་གཅུས་གཅིན་གཅིས་མགྲིན་པ་གཅུས། །ཅོ་བཅོ་ཅོ་ཏོ་བཅོ་ལྔ་སོགས། །ཅང་བཅངས་ཅང་ཤེས་ལག་ཏུ་བཅངས། །གཅུན་གཅིན་དྲན་གཅུན་དྲི་ཆུའི་གཅིན། །གཅན་ཅན་གཅན་གཟན་ལྡན་པའི་ཅན། །ལྕུམ་བཅུམས་ལྕུམ་རྩ་ནང་དུ་བཅུམས། །ལྕང་གཅང་ལྕང་མ་ཁ་གཅང་བ། །བཅབས་ཅབ་ཉེས་བཅབས་ཅབ་ཅོབ་ཟ། །བཅུད་བཅིལ་སྣོད་བཅུད་བཅོམ་པའི་བཅིལ། །བཅོམ་གཅོམ་དགྲ་བཅོམ་མདུན་གྲོས་གཅོམ། །ལྕིབས་བཅིབས་ལག་ལྕིབས་ཆིབས་ལ་བཅིབས། །ཅར་བཅར་མིག་ཅར་ལྟ་བྱེད་བཅར། །ཅོལ་བཅོལ་ཅོལ་ཆུང་འཕྲིན་ལས་བཅོལ། །ཅ་བཅའ་ཅ་ཅོ་བཅའ་བ་འཆའ། །ཅུང་ཅོང་ཅུང་ཟད་རོལ་མོ་ཅོང༌། །ཅོད་གཅོད་ཅོད་པན་སྡིག་རྒྱུན་གཅོད། །

༼ཆ༽ཆོད་འཆོལ་ཆོལ་མཆོད་མཚམས་ཆོད་དང༌། །རིམ་འཆོལ་ཆོལ་ཟངས་དཀོན་མཆོག་མཆོད།། ཆུང་མཆོང་མཆོངས་ཆོངས་ཆུང་ངུ་དང༌། །གཟི་མཆོང་མཆོངས་ལྡིང་ཡིད་ལ་ཆོངས། །ཆིག་མཆིག་ཆུག་འཆུགས་ཆིག་རྐྱང་དང༌། །མཆིག་གུ་ཁར་ཆུག་ནོར་བའི་འཆུགས། །ཆག་ཆགས་འཆག་འཆགས་ཆག་ཤིང་དང༌། །འདོད་ཆགས་འགྲོ་འཆག་ཉེས་པ་འཆགས། །མཆོག་དང་ཆོག་དང་ཆོགས་རྣམས་ནི།། དཀོན་མཆོག་ཆོག་ཤེས་སྣམ་བུ་ཆོགས། །ཆས་དང་ཆེས་དང་ཆོས་རྣམས་ནི། །ཆས་ཀ་ཡིད་ཆེས་དམ་པའི་ཆོས། །ཆང་དང་ཆངས་དང་ཆིངས་རྣམས་ནི། །རྒུན་ཆང་ཟན་ཆངས་ཞགས་པས་ཆིངས། །འཆང་དང་འཆིང་དང་མཆིང་རྣམས་ནི། །སྔགས་འཆང་འཆིང་ཞགས་རྡོ་མཆིང་བུ། །མཆི་དང་མཆུ་དང་འཆི་རྣམས་ནི། །འགྲོ་མཆི་ཁ་མཆུ་འགུམ་པའི་འཆི། །མཆད་དང་འཆད་དང་འཆལ་རྣམས་ནི། །དུར་མཆད་ཆོས་འཆད་ཚུལ་ཁྲིམས་འཆལ། །ཆབ་དང་ཆབས་དང་འཆབ་རྣམས་ནི། །ཆབ་ཤོག་ཆབས་གཅིག་སྦེད་པའི་འཆབ། །ཆེད་དང་མཆེད་དང་འཆེལ་རྣམས་ནི། །དགོས་ཆེད་གྲོགས་མཆེད་བརྟེན་པའི་འཆེལ།། ཆུམས་དང་མཆིམས་དང་འཆུམས་རྣམས་ནི། །དགྲ་ཆུམས་རུས་མཆིམས་ཞེན་པའི་འཆུམས། །ཆུན་དང་མཆིན་དང་འཆུན་རྣམས་ནི། །ཆུན་པོ་མཆིན་པ་སྟོབས་ཀྱིས་འཆུན། །ཆུད་དང་མཆིད་དང་མཆིལ་རྣམས་ནི། །ཆུད་མཛའ་འབེལ་མཆིད་མཆིལ་བས་འདྲེན། །མཆེ་དང་འཆེ་དང་ཆེ་རྣམས་ནི། །མཆེ་གཙིགས་ཁས་འཆེ་བོངས་སོགས་ཆེ། །འཆོས་འཆས་ཚུལ་འཆོས་རུས་པ་འཆས། །ཆུ་འཆུ་ཆུ་ཀླུང་ཡི་ག་འཆུ། །ཆད་ཆལ་སླན་ཆད་ཆལ་མར་བརྡལ། །ཆུབ་ཆིབས་བྱང་ཆུབ་ཆིབས་པའི་རྟ། །ཆེམ་ཆེམས་ཆེམ་སྒྲ་ཁ་ཆེམས་སྨྲ། །ཆོ་འཆོ་ཆོ་རིགས་བཅའ་བ་འཆོ། །འཆུས་མཆིས་ཡོ་འཆུས་ཡོད་པའི་མཆིས། །ཆམ་འཆམས་ཆམ་ནད་གར་གྱི་འཆམས། །ཆན་མཆན་འབྲས་ཆན་མཆན་གྱི་བུ། །འཆོར་མཆོར་ཆུ་འཆོར་རྒྱན་གྱིས་མཆོར། །ཆོམ་འཆོམས་རྐུན་ཆོམ་གྲོས་འཆོམས་ཤིག །ཆར་འཆར་ཆར་བབས་ཉི་མ་འཆར། །

༼ཇ༽རྗེ་དང་རྗེས་དང་བརྗེས་རྣམས་ནི། །རྗེ་བོ་རྗེས་ཐོབ་ཕན་ཚུན་བརྗེས། །མཇིང་དང་འཇིང་དང་འཇང་རྣམས་ནི། །སྐེ་མཇིང་རྩ་འཇིང་འཁྲུ་བའི་འཇང༌། །བརྗིད་དང་རྗུད་དང་ལྗིད་རྣམས་ནི། །གཟི་བརྗིད་རིད་རྗུད་ལྕིད་ཀྱི་ལྗིད། །འཇུམས་འཇིམ་ཤ་འཇུམས་འདག་པའི་འཇིམ། །མཇུག་འཇུག་མཇུག་མ་རྗེས་འཇུག་དང༌། །འཇིག་འཇིགས་འཇིག་རྟེན་འཇིགས་སྐྲག་ཆེ། །འཇི་འཇུ་འཇི་བ་བཟའ་བཏུང་འཇུ། །འཇག་འཇགས་འཇག་མ་ཡིད་ལ་འཇགས། །འཇོང་འཇུངས་དབྱིབས་འཇོང་སེར་སྣའི་འཇུངས། །འཇུད་འཇིལ་འཇུད་མཐུན་འཇོམས་པའི་འཇིལ། །རྗེད་བརྗེད་རྗེད་བྱེད་སྔར་བྱས་བརྗེད།། ཇི་ཇུ་ཇི་སྲིད་རྡོའི་ཇུ་བོ། །འཇས་འཇོས་ཞ་འཇས་འོ་མ་འཇོས། །འཇོལ་མཇོལ་ཁྲལ་འཇོལ་བླ་མར་མཇོལ། །འཇལ་མཇལ་འདོམ་འཇལ་རྟེན་ལ་མཇལ། །

༼ཉ༽རྙིང་བརྙིངས་བརྙངས་བརྙང་གསར་རྙིང་དང༌། །གོས་བརྙིངས་ཁ་བརྙངས་འཁྲུ་བའི་བརྙང༌། ། རྙིད་རྙིལ་གཉིད་གཉུལ་ལྕང་རྙིད་དང༌། །སོ་རྙིལ་གཉིད་མཐུག་སོ་བཙུགས་གཉུལ། །བསྙིལ་སྙིད་བསྙུལ་སྙིལ་ཕྱིར་བསྙིལ་དང༌། །སྙིད་མོ་བཀྲུས་བསྙུལ་རི་སྙིལ་ཅིག །སྙུགས་བསྙུགས་སྙིགས་བསྙིགས་སྙུགས་བསྲིངས་དང༌། །སྣུམ་བསྙུགས་དུས་སྙིགས་ལྷུང་བཟེད་བསྙིགས། །ཉེ་མཉེ་གཉེ་གཉོས་ཉེ་བོ་དང༌། །ར་མཉེ་གཉེ་མ་རུས་ཀྱི་གཉོས། །ཉམ་དང་ཉམས་དང་མཉམ་རྣམས་ནི། །ཉམ་ང་ཉམས་རྟོགས་བཟང་ངན་མཉམ། །ཉིལ་དང་ཉུལ་དང་ཉིད་རྣམས་ནི། །རི་ཉིལ་ནགས་ཉུལ་ཆོས་ཉིད་རྟོགས། །ཉེས་དང་མཉེས་དང་ཉོས་རྣམས་ནི། །ཕམ་ཉེས་ཐུགས་མཉེས་རིན་གྱིས་ཉོས། །སྙོལ་དང་བསྙོད་དང་སྙོད་རྣམས་ནི། ། ཆང་སྙོལ་ཟས་བསྙོད་སྐུད་པ་སྙོད། །སྙད་དང་བསྙད་དང་བསྙལ་རྣམས་ནི། །ཐ་སྙད་གཏམ་བསྙད་བུ་ཆུང་བསྙལ། །རྙེད་དང་སྙེད་དང་བསྙེལ་རྣམས་ནི། །ནོར་རྙེད་ཇི་སྙེད་བརྗེད་པའི་བསྙེལ། །གཉོག་དང་རྙོག་དང་བརྙོགས་རྣམས་ནི། །ནོར་གཉོག་ཆུ་རྙོག་ཟས་ཀྱིས་བརྙོགས། །གཉེར་བསྙེར་དཀོར་གཉེར་ཁྲོ་གཉེར་བསྙེར། །གཉེན་བསྙེན་བཤེས་གཉེན་དྲུང་དུ་བསྙེན། །ཉེན་མཉེན་ཁེ་ཉེན་རེག་བྱ་མཉེན། །ཉན་མཉན་ཉན་རྣ་ཆུའི་མཉན་པ། །གཉགས་གཉག་རུས་གཉགས་ཉག་པོར་གཉག །གཉུག་གཉིག་གཉུག་མ་གཅིག་གི་གཉིག །མཉེད་མཉེལ་ཀོ་མཉེད་ངལ་བའི་མཉེལ། །ཉོད་ཉོལ་ཉོད་པ་མལ་དུ་ཉོལ། །བརྙས་བརྙེས་བརྙས་བཅོས་བདུད་རྩི་བརྙེས། །སྙིང་བསྙེངས་སྙིང་རྗེ་འཇིགས་པའི་བསྙེངས། །སྙོམས་སྙོམ་བཏང་སྙོམས་སྙོམ་ལས་པ། །བསྙུངས་སྙུང་ནོར་བསྙུངས་འབིགས་བྱེད་སྙུང༌། །རྙོང་རྙོངས་རྙི་རྙོང་ཐུར་དུ་རྙོངས། ། སྙུན་བསྙུན་སྙུན་ནད་ནད་ཀྱིས་བསྙུན། །བརྙན་གཉན་ཕྱག་བརྙན་རི་དྭགས་གཉན། །ཉིང་ཉང་ཉིང་ཁུ་རུས་ཀྱི་ཉང༌། །སྙོན་བསྙོན་སྙོན་མོངས་བསྙོན་འདིང་བ། །ཉ་ཉྭ་གསེར་ཉ་ཉྭ་སུག་དལ། །

༼ཏ༽ཏིང་བཏིང་ཏང་བཏང་ཏིང་ཤགས་དང༌། །གདན་བཏིང་ཏང་ཀུན་བཟུང་བ་བཏང༌། །བཏེག་བཏག་བཏགས་གཏག་གྱེན་བཏེག་དང༌། །བཏག་སོ་ཕྱེ་བཏགས་གདབ་བུས་གཏག །གཏོང་བསྟོངས་སྟོང་སྟོངས་སྦྱིན་གཏོང་དང༌། །མི་བསྟོངས་སྟོང་ཕྲག་ཟད་ནས་སྟོངས། །བཏུང་ལྟོང་ལྟུང་བསྟུངས་བཏུང་བ་དང༌། །མདའ་ལྟོང་ཉེས་ལྟུང་ཐུང་ངུར་བསྟུངས། །སྟང་སྟངས་ལྟེང་སྟེང་བསྟི་བསྟང་དང༌། ། བཞུགས་སྟངས་ལྟེང་ཀ་ཐོག་གི་སྟེང༌། །གཏོས་བརྟས་ལྟས་ལྟོས་རིའི་གཏོས་དང༌། །ལུས་བརྟས་མཚན་ལྟས་མིག་གིས་ལྟོས། །ཏིལ་བཏུད་བཏུལ་གཏུད་ཏིལ་འབྲུ་དང༌། །དྲུང་བཏུད་བདུད་བཏུལ་བདུག་སྤོས་གཏུད། །གཏའ་ལྟ་སྟ་རྟ་གཏའ་མ་དང༌། །ལྟ་བ་སྟ་རེ་བཞོན་པའི་རྟ། །བསྟོད་སྟོད་གཏོལ་རྟོད་བསྟོད་བསྔགས་དང༌། །ལུས་སྟོད་གཏོལ་མེད་རྟོད་ཐག་བསྲིངས། །བཏོད་རྟོལ་བརྟོལ་གཏོད་སྲོལ་བཏོད་དང༌། ། ནོར་རྟོལ་ས་བརྟོལ་ལག་ཏུ་གཏོད། །བསྟི་སྟི་གཏི་སྟུ་བསྟི་གནས་དང༌། །བཀུར་སྟི་གཏི་མུག་བྷ་གའི་སྟུ།། གཏད་ལྟད་བསྟད་བརྟད་གཉེར་གཏད་དང༌། །ལྟད་མོ་སྒ་བསྟད་གློ་བུར་བརྟད། །བརྟགས་རྟགས་རྟག་ལྟག་ཀུན་བརྟགས་དང༌། །རྟགས་མཚན་རྟག་འཛིན་གཉའ་ལྟག་ཕྱོགས། །སྟེགས་སྟགས་སྟག་སྟེག་སྟེགས་བུ་དང༌། །ཡ་སྟགས་མེ་སྟག་སྒེག་ཉམས་སྟེག །གཏིགས་གཏུགས་རྟུག་སྟུག་ཆུ་གཏིགས་དང༌།། དྲི་གཏུགས་བྲུན་རྟུག་འཐུག་པོའི་སྟུག །གཏར་ལྟར་སྟར་བསྟར་ཁྲག་གཏར་དང༌། །ལྟར་སྣང་སྟར་བུ་བསྒྲིགས་པའི་བསྟར། །གཏན་བརྟན་བསྟན་སྟན་སྒོ་གཏན་དང༌། །བརྟན་བཞུགས་བསྟན་འཛིན་སྟན་ལ་འཁོད། །བསྟབས་བལྟབས་སྟབས་བརྟབས་ཟས་བསྟབས་དང༌། །གོས་བལྟབས་སྟབས་གཅིག་བྲེད་པའི་བརྟབས། །ལྟོགས་དང་རྟོག་དང་རྟོགས་རྣམས་ནི། །བཀྲེས་ལྟོགས་རྟོག་དཔྱོད་ཚང་མས་རྟོགས། ། རྟུལ་དང་བརྟུལ་དང་བསྟུད་རྣམས་ནི། །རྟུལ་བོ་བརྟུལ་ཞུགས་སྔ་ཕྱི་བསྟུད། །གཏང་དང་གཏིང་དང་གཏེང་རྣམས་ནི། །གཏང་རག་གཏིང་ཟབ་གཏའ་མའི་གཏེང༌། །རྟིང་དང་བསྟིང་དང་བསྟང་རྣམས་ནི༑ ༑ཕྱི་རྟིང་བསྟིང་ཚིག་དགོན་གྱི་བསྟང༌། །ཏུར་དང་གཏུར་དང་ལྟིར་རྣམས་ནི། །ནན་ཏུར་གཏུར་བུ་ལྟིར་གྱིས་བཀང༌། །བཏོགས་དང་གཏོགས་དང་ཏོག་རྣམས་ནི། །སྤུ་བཏོགས་ཕྱོགས་གཏོགས་ནོར་བུའི་ཏོག །གཏམ་དང་བལྟམས་དང་གཏམས་རྣམས་ནི། །གཏམ་སྨྲ་སྐུ་བལྟམས་བཅུད་ཀྱིས་གཏམས།། གཏུན་དང་བསྟུན་དང་བརྟུན་རྣམས་ནི། །གཏུན་ཤིང་གཞན་བསྟུན་བརྩོན་པའི་བརྟུན། །གཏིབས་དང་གཏུབས་དང་བཏུབ་རྣམས་ནི། །སྤྲིན་གཏིབས་ཤིང་གཏུབས་རུང་བའི་བཏུབ། །རྟོན་སྟོན་ཡིད་རྟོན་དམ་ཆོས་སྟོན། །གཏོ་ལྟོ་ཁྲོམ་གཏོ་ལྟོ་བ་ལྡིར། །སྟེའུ་རྟེའུ་གཞོག་སྟེའུ་རྒོད་མའི་རྟེའུ། །གཏོར་སྟོར་བསང་གཏོར་བོར་བའི་སྟོར། །ཏིག་ཏུག་ཏིག་ཏ་ཏུག་ཆོམ་སྒྲ། །གཏུམ་གཏུམས་གཏུམ་པོ་གཡོགས་པའི་གཏུམས། །ཏོན་བཏོན་ཁ་ཏོན་ཉིན་བཞིན་བཏོན། །སྟེམས་ལྟེམ་བྱད་སྟེམས་ལྟེམ་གྱིས་གང༌། །སྟོབ་སྟོབས་ཟས་སྟོབ་རྩལ་གྱི་སྟོབས། །ལྟེ་སྟེས་ལྟེ་བ་སྟབས་ལེགས་སྟེས། །སྟེར་གཏེར་ཟས་སྟེར་འཛད་མེད་གཏེར། །བསྟེན་བརྟེན་བཤེས་བསྟེན་འཁར་བར་བརྟེན། །

༼ཐ༽ཐིངས་མཐིང་འཐིང་མཐང་ལྷུས་ཐིངས་དང༌། །མཐོན་མཐིང་འཐིང་སླད་སྨད་ཀྱི་མཐང༌། །ཐི་ཐུ་མཐུ་འཐུ་ཐི་བ་དང༌། །ཐུ་བོ་མཐུ་ཆེན་མེ་ཏོག་འཐུ། །ཐིབ་ཐུབ་འཐིབས་འཐུབ་ཐིབ་པོ་དང༌། །དགྲ་ཐུབ་སྤྲིན་འཐིབས་དུམ་བུར་འཐུབ། །ཐུག་དང་ཐུགས་དང་མཐུག་རྣམས་ནི། །ཐུག་འཕྲད་ཐུགས་རྗེ་སྟུག་པོའི་མཐུག །ཐག་དང་འཐག་དང་ཐགས་རྣམས་ནི། །ཉམ་ཐག་ཕྱེ་འཐག་ཚེམས་ཐགས་བཟང༌། །ཐུང་དང་ཐོངས་དང་འཐུངས་རྣམས་ནི། །ཐུང་ངུ་ཐོངས་ཤིག་སྐོམ་སྐྱེམས་འཐུངས། །ཐེངས་དང་འཐེང་དང་ཐང་རྣམས་ནི། །ཐེངས་གཅིག་ཞ་འཐེང་མཉམ་བདེའི་ཐང༌། །མཐིལ་དང་མཐུད་དང་འཐུལ་རྣམས་ནི། །ལག་མཐིལ་ཆད་མཐུད་དྲི་བསུང་འཐུལ། །ཐབ་དང་ཐབས་དང་འཐབ་རྣམས་ནི། །ཐབ་ཀ་ཐབས་མཁས་དགྲ་ལ་འཐབ། །ཐམ་དང་ཐམས་དང་འཐམས་རྣམས་ནི། །ཐམ་ག་ཐམས་ཅད་མཛའ་མོར་འཐམས། །ཐོས་དང་མཐོས་དང་འཐས་རྣམས་ནི། །སྒྲ་ཐོས་མདའ་མཐོས་སྲ་ཞིང་འཐས། །ཐོད་དང་ཐོལ་དང་མཐོལ་རྣམས་ནི། །མགོ་ཐོད་ཐོལ་བྱུང་སྡིག་པ་མཐོལ། །ཐེབས་དང་མཐེབ་དང་འཐེབ་རྣམས་ནི། །བཤོལ་ཐེབས་མཐེབ་རྩལ་མལ་གོས་འཐེབ། །ཐོག་དང་ཐོགས་དང་འཐོག་རྣམས་ནི། །ཐོག་མདའ་ཐོགས་མེད་ཁ་སྤུ་འཐོག །ཐེ་དང་མཐེ་དང་ཐེའུ་རྣམས་ནི། །ཐེ་གཏོགས་མཐེ་བོང་ཐེའུ་རང་བསྐྲད། །མཐོན་དང་འཐོན་དང་ཐོན་རྣམས་ནི། །མཐོན་ཀ་མགོ་འཐོན་འགྲུལ་བ་ཐོན། །ཐད་དང་ཐལ་དང་འཐད་རྣམས་ནི། །ཐད་ཀ་ཐལ་འགྱུར་བློ་ལ་འཐད། །ཐུན་དང་འཐུན་དང་མཐུན་རྣམས་ནི། །ཐུན་མོང་འཇུད་འཐུན་ཀུན་དང་མཐུན། །ཐིམ་དང་ཐུམ་དང་འཐུམ་རྣམས་ནི། །ཆུར་ཐིམ་གླེགས་ཐུམ་གོས་ཀྱིས་འཐུམ། །ཐིག་ཐིགས་ཐིག་གདབ་ཐིགས་པ་ཟགས། །ཐེག་ཐེགས་ཐེག་ཆེན་ལམ་ལ་ཐེགས། །མཐོང་མཐོངས་གཟུགས་མཐོང་ནམ་མཁའི་མཐོངས། །ཐེལ་ཐེད་ཐེལ་ཚེ་ཐེད་ལ་བོར། །ཐ་མཐའ་ཐ་མལ་མཐའ་འཁོབ་དང༌། །ཐུལ་ཐུད་དགྲ་ཐུལ་མར་ཆུར་ཐུད། །ཐན་འཐན་བཙའ་ཐན་ནན་ཏན་འཐན། །ཐུར་མཐུར་གྱེན་ཐུར་རྟ་ཡི་མཐུར། ། ཐོ་མཐོ་ཐོ་ཅོ་དཔངས་སུ་མཐོ། །ཐོར་འཐོར་ཐོར་ཅོག་ཕྱོགས་སུ་འཐོར། །ཐོམ་འཐོམས་ཤིང་ཐོམ་མགོ་བོ་འཐོམས། །ཐེམ་འཐེམས་ཐེམ་སྐས་ནན་ཆག་འཐེམས། །མཐར་ཐར་མཐར་ཐུག་ཐར་པ་ཐོབ། །

༼ད༽གདའ་བདའ་བརྡ་ལྡ་ཡོད་གདའ་དང༌། །རོ་བདའ་དུང་བརྡ་ལྡ་ལྡི་བྲེས། །བདུངས་གདོང་གདུང་གདུངས་གཞུ་བདུངས་དང༌། །ངོ་གདོང་རུས་གདུང་ནད་ཀྱིས་གདུངས། །དྲག་དྲགས་དྲེག་དྲེགས་དྲག་པོ་དང༌། །ཐལ་དྲགས་དྲེག་ནད་ཁེངས་དྲེགས་ཆེ། །ལྡིང་ལྡེང་ལྡངས་ལྡང་མཁའ་ལྡིང་དང༌། །སེང་ལྡེང་ནེའུ་ལྡངས་དྲི་བསུང་ལྡང༌། །རྡུང་བརྡུངས་བརྡུང་བསྡོངས་འཚོག་རྡུང་དང༌། །ལྕགས་བརྡུངས་གྲོ་བརྡུང་གྲོགས་ལ་བསྡོངས། །བདེ་སྡེ་ལྡེ་རྡེའུ་བདེ་སྐྱིད་དང༌། །སྡེ་ཚན་རེ་ལྡེ་རྡོ་ཆུང་རྡེའུ། །བསྡོགས་རྡོག་ལྡོག་བདོག་ཉེར་བསྡོགས་དང༌། །ཕྲེང་རྡོག་སླར་ལྡོག་ཡོད་པའི་བདོག །གདུལ་བདུད་སྡུད་ལྡུད་གདུལ་བྱ་དང༌། །བདུད་རྩི་ཚུར་སྡུད་འོ་མ་ལྡུད། །ལྡུམ་རྡུམ་སྡུམ་བསྡུམས་རྩྭ་ལྡུམ་དང༌། །ལག་རྡུམ་སྡུམ་པ་འཁོན་པ་བསྡུམས། །སྡིགས་སྡུག་རྡུགས་ལྡུགས་སྡིགས་མཛུབ་དང༌། །སྡུག་བསྔལ་ཐབས་རྡུགས་སྣོད་དུ་ལྡུགས། །གདབ་བལྡབས་རྡབ་བརྡབས་གདབ་ལས་དང༌། །བསྐྱར་བལྡབས་རྡབ་འཆལ་གཏོར་མ་བརྡབས། །བདར་གདར་སྡར་བརྡར་ཕྱི་བདར་དང༌། །གདར་རྡོ་སྡར་མ་སྤུ་གྲི་བརྡར། །འདྲིལ་འདྲུད་འདྲིལ་འདྲུལ་སྐྲན་འདྲིལ་དང༌། །སར་འདྲུད་བློ་འདྲིལ་རུལ་འགྱུར་འདྲུལ། །ལྡེབས་རྡེབ་སྡེབ་བསྡེབས་གྱང་ལྡེབས་དང༌། །ཕུར་རྡེབ་སྡེབ་སྦྱོར་ལྷན་གཅིག་བསྡེབས། །དོང་དང་དུང་དང་དུངས་རྣམས་ནི། །དོང་ཟབ་ཆོས་དུང་ཡུལ་ལ་དུངས། །གདལ་དང་ལྡད་དང་བལྡད་རྣམས་ནི། །ཁྱབ་གདལ་ལྡད་བྱེད་སོ་ཡིས་བལྡད། །བལྡག་དང་བལྡགས་དང་ལྡེག་རྣམས་ནི། །བལྡག་བྱ་ལྕེས་བལྡགས་གཡོ་བའི་ལྡེག །རྡལ་དང་བསྡད་དང་བརྡལ་རྣམས་ནི། །གྲོང་རྡལ་མལ་བསྡད་ཐང་མར་བརྡལ། །སྡོང་དང་ལྡོང་དང་ལྡོངས་རྣམས་ནི། །ཤིང་སྡོང་ལྡོང་རོས་བློ་མིག་ལྡོངས། །གདེག་དང་གདགས་དང་བརྡེགས་རྣམས་ནི། །གྱེན་གདེག་གདགས་གཞི་དབྱུག་པས་བརྡེགས། །དྲིང་དང་དྲང་དང་དྲངས་རྣམས་ནི།། གཞན་དྲིང་དྲང་དོན་གནས་ནས་དྲངས། །དྲེ་དང་དྲས་དང་དྲེས་རྣམས་ནི། །མོན་དྲེ་དྲས་དྲུབ་རྩ་དྲེས་མ། །དྭངས་དང་དེང་དང་དེངས་རྣམས་ནི། །དྭངས་གསལ་དེང་དུས་གཞན་དུ་དེངས། །མདུང་དང་མདོངས་དང་འདོང་རྣམས་ནི། །མདའ་མདུང་སྒྲོ་མདོངས་འགྲོ་བའི་འདོང༌། །མདུད་དང་འདུད་དང་འདུལ་རྣམས་ནི། །སྲུང་མདུད་གུས་འདུད་མ་རུངས་འདུལ། །གདམ་དང་གདམས་དང་བསྡམས་རྣམས་ནི། །གདམ་ང་གདམས་ངག་ཉེས་པ་བསྡམས། །བསྡུར་དང་ལྡིར་དང་ལྡུར་རྣམས་ནི། །གྲོས་བསྡུར་འབྲུག་ལྡིར་ཐུག་པ་ལྡུར། །འདིང་དང་འདང་དང་འདེང་རྣམས་ནི། །སྟན་འདིང་ཕྱེས་འདང་སང་ཉིན་འདེང༌། །གདུས་དང་བསྡུས་དང་ལྡུས་རྣམས་ནི། །སྨན་གདུས་མདོར་བསྡུས་ལྷག་མ་ལྡུས། །དྲུང་དང་དྲོངས་དང་དྲུངས་རྣམས་ནི། །ཞབས་དྲུང་སྤྱན་དྲོངས་དྲུངས་ནས་ཕྱུང༌། །སྡོམ་དང་བསྡོམས་དང་ལྡོམ་རྣམས་ནི། །སྲིན་སྡོམ་ཁྱོན་བསྡོམས་ལྡོམ་བུ་པ། །སྡོ་དང་བདོ་དང་རྡོ་རྣམས་ནི། །སྲོག་སྡོ་དར་བདོ་རྡོ་བྲག་རྡོ། །གདུགས་དང་གདུག་དང་བདུག་རྣམས་ནི། །དབུ་གདུགས་གདུག་རྩུབ་སྤོས་ཀྱིས་བདུག།། གདེང་དང་གདངས་དང་གདེངས་རྣམས་ནི། །གདེང་ཐོབ་གདངས་སྙན་གདེངས་ཀ་བརྗིད། །གདིང་གདང་གདིང་བ་གོས་ཀྱི་གདང༌། །སྡང་རྡང་ཆགས་སྡང་འདོགས་ཐག་རྡང༌། །སྡིག་བསྡིགས་སྡིག་ཅན་གཞན་ལ་བསྡིགས། །འདྲད་འདྲལ་སེན་འདྲད་བཅས་ཁྲིམས་འདྲལ། །མདོས་འདས་མདོས་གླུད་མྱ་ངན་འདས། །མདང་མདངས་མཚན་མདང་ཚོན་གྱི་མདངས། །འདད་འདལ་ཆགས་འདད་སྣག་ཚ་འདལ། ། ད་དྭ་ད་ལྟ་དྭ་ཕྲུག་མང༌། །དོད་དོལ་ཚབ་དོད་ཉ་ཡི་དོལ། །དྲེལ་དྲེད་རྟ་དྲེལ་གཅན་གཟན་དྲེད། །དྲིལ་དྲུད་ཤོག་དྲིལ་ས་ལ་དྲུད། །ལྡེར་སྡེར་ལྡེར་སྐུ་སྡེར་མོ་རྣོ། །འདྲི་འདྲུ་གཏམ་འདྲི་ཁུང་བུ་འདྲུ། །མདའ་འདའ་མདའ་གཞུ་མྱ་ངན་འདའ། །འདི་འདུ་འདི་ཉིད་འདུ་ལོང་བྱེད། །འདོ་མདོ་འདོ་མེད་ལུང་བའི་མདོ། །མདེ་འདེ་མདེའུ་མེ་ལ་འདེ། །གདུ་བསྡུ་སྨན་གདུ་ཡུལ་ཁྲལ་བསྡུ། །གདོད་སྡོད་གདོད་མ་མལ་ལ་སྡོད། །འདྲེ་འདྲེས་འདྲེ་གདོན་འོ་ཆུ་འདྲེས། །འདབ་འདབས་པད་འདབ་གྲོང་གི་འདབས། །མདོར་འདོར་མདོར་བསྡུས་སྙིགས་མ་འདོར། །དྲོག་དྲོགས་ཁ་དྲོག་ཁུར་བོའི་དྲོགས། །དག་དྭགས་རྣམ་དག་རི་དྭགས་དང༌། །གདན་ལྡན་གདན་ཁྲི་སྐལ་ལྡན་བུ། །འདོད་འདོལ་ཅི་འདོད་ས་གཤིན་འདོལ། །གདོལ་རྡོལ་གདོལ་བ་ཆུ་མིག་རྡོལ། །དྲུ་དྲི་དྲུ་གུ་སྤོས་ཀྱི་དྲི། །མདོག་འདོགས་ཚོན་མདོག་རྟ་དྲེལ་འདོགས།། འདོམ་འདོམས་ལག་འདོམ་གསང་ནས་འདོམས། །རྡིབ་ལྡིབ་ཐོག་རྡིབ་ལྡབ་ལྡིབ་སྐད། །དོག་དོགས་ཁྱོན་དོག་དོགས་ཟོན་བྱེད། །དུས་དེས་དུས་ཚོད་རྒྱུད་འཇམ་དེས། །རྡོབ་ལྡོབས་ཕེག་རྡོབ་ཆོས་ལྡོབས་སྐྱེན། །ལྡོག་རྡོག་འགྲོ་ལྡོག་རྡོག་པས་བྱེད། །གདས་གདོས་གདས་སྨྲ་གདོས་པ་འཛིན། །བདས་བསྡོས་ཕྱུགས་བདས་སྲོག་ལ་བསྡོས། །དུག་དུགས་དུག་ཟོས་དུགས་ཀྱིས་བཅོས། །རྡོར་སྡོར་གྲི་རྡོར་ཐུག་སྡོར་གཏུབ། །དིང་དང་དིང་སང་དང་བ་སྐྱེ། །གདོན་ལྡོན་ཀློག་གདོན་དྲི་ལན་ལྡོན། །

༼ན༽ནབ་དང་མནབ་དང་མནབས་རྣམས་ནི། །ནབ་སོ་མནབ་རྩལ་ཆོས་གོས་མནབས། །ནང་དང་ནངས་དང་ནིང་རྣམས་ནི། །ཕྱི་ནང་ནངས་དུས་མ་ནིང་མཐོང༌། །གནག་དང་རྣག་དང་བརྣགས་རྣམས་ནི༑ ༑གནག་ཕྱུགས་རྣག་ཁྲག་ཡིད་ལ་བརྣགས། །གནམ་དང་རྣམ་དང་རྣམས་རྣམས་ནི། །གནམ་སྔོན་རྣམ་གཞག་མང་ཚིག་རྣམས། །མནོག་དང་བརྣོགས་དང་ནོག་རྣམས་ནི། །ཟས་མནོག་སྦས་བརྣོགས་ཤ་སྒའི་ནོག །ནན་དང་མནན་དང་བརྣན་རྣམས་ནི། །ནན་ཏན་མནན་གཏད་ངེས་བཟུང་བརྣན། །མནལ་དང་ནད་དང་ནལ་རྣམས་ནི། །མནལ་གཟིམ་ནད་པ་ནལ་བུ་སྐྱེས། །ནམ་དང་ནམས་དང་མནམ་རྣམས་ནི༑ ༑ནམ་ཞིག་བསོད་ནམས་དྲི་མ་མནམ། །གནང་གནངས་གནང་སྦྱིན་གནངས་ཉིན་བྱེད། །བརྣངས་རྣང་ཟས་བརྣངས་ཞིང་རྣང་མ། །སྣོན་སྣྲོན་ཟས་སྣོན་རྒྱུ་སྐར་སྣྲོན། །རྣོན་གནོན་མཚོན་རྣོན་ཞབས་ཀྱིས་གནོན། །སྣམ་བསྣམས་སྣམ་བུ་རྡོ་དྲིལ་བསྣམས། །གནས་གནོས་གནས་འདིར་བདེར་གནོས་ཤིག །ན་མནའ་ན་འཆི་མནའ་ལ་གཏད། །གནའ་རྣ་གནའ་དུས་རྣ་ལོང་འདོགས། །སྣལ་བསྣད་སྣལ་མ་སོར་མོ་བསྣད། །རྣལ་གནད་རྣལ་མ་གནད་དུ་སོང༌། །བསྣུབས་སྣྲུབས་སྲོལ་བསྣུབས་རྒྱུ་སྐར་སྣྲུབས། །བསྣུར་སྣུར་དུས་བསྣུར་སྣག་ཚ་སྣུར། །ནོད་མནོལ་ལུང་ནོད་མནོལ་བ་བསངས། །ནག་ནགས་མདོག་ནག་ནགས་ཚལ་སྟུག །ནིས་ནུས་ཅིར་ནིས་འོ་མ་ནུས། །སྣར་བསྣར་སྣར་མ་མཇུག་མ་བསྣར། །སྣོད་བསྣོལ་སྣོད་བཅུད་ཕན་ཚུན་བསྣོལ། །མནོ་རྣོ་མནོ་བསམ་ཤེས་རབ་རྣོ། །གནོང་ནོངས་ངོ་གནོང་ཉེས་པའི་ནོངས། ། ནུད་ནུལ་ནུད་ཆུང་སྐྱང་ནུལ་བྱེད། །ནར་མནར་ནར་མ་ཨ་ནེས་མནར། །ནོམ་ནོམས་ནོམ་བུ་ལག་པས་ནོམས། །ནུ་ནི་ནུ་མ་ནི་གུ་མ། །ནས་མནོས་གྲོ་ནས་སྡོམ་པ་མནོས། །

༼པ༽དཔག་དཔགས་དཔག་ཚད་བློ་ཡིས་དཔགས། །དཔོང་དཔུང་དཔོང་ས་དཔུང་པ་གཏུམ། །དཔངས་དཔང་དཔངས་མཐོ་དཔང་པོར་གསལ། །པི་པུ་པི་ཝང་པུ་ཤུད་བྱ། །པུར་པིར་པུར་ཁང་ལྷ་བཟོའི་པིར། ། སྤང་སྤངས་སྤང་ལྗོངས་བློ་ཡིས་སྤངས། །ལྤགས་པགས་མི་ལྤགས་མིའི་པགས་པ། །སྤྲས་སྤྲོས་གཅེས་སྤྲས་སྤྲོས་ནས་བཤད། །སྤྱང་སྤྱིངས་སྤྱང་ཀི་ཆུ་ལ་སྤྱིངས། །སྤོས་སྤེའུ་བདུག་སྤོས་སྤེའུ་མཁར། །པོད་སྤོད་ལག་པོད་སྒ་གཡེར་སྤོད། །དཔྱང་དཔྱངས་དཔྱང་ཐག་ཐུར་དུ་དཔྱངས། །སྤྲིང་སྤྲིངས་སྤྲིང་ཡིག་ཁ་སང་སྤྲིངས། །དཔྲལ་སྤྲད་དཔྲལ་བ་གཞན་ལ་སྤྲད། །སྤོང་སྤུངས་འཁྲུལ་སྤོང་ཕུང་བོར་སྤུངས། །

༼ཕ༽ཕུང་ཕོངས་འཕོང་འཕོངས་ཕུང་པོ་དང༌། །དབུལ་ཕོངས་འཕོང་སྐྱེན་ལུས་ཀྱི་འཕོངས། །ཕྲད་ཕྲལ་འཕྲད་འཕྲལ་ཚིག་ཕྲད་དང༌། །ཁ་ཕྲལ་ནང་འཕྲད་འཕྲལ་གྱི་དོན། །ཕྲུག་ཕྲུགས་འཕྲིག་འཕྲིགས་ཕྲུག་གུ་དང༌། །ཕྲུགས་གཅིག་ཁུ་འཕྲིག་འཕྲིགས་ཚུད་པ། །ཕང་ཕངས་འཕང་འཕངས་རིའི་ཕང་དང༌།། གཅེས་ཕངས་གོ་འཕང་རྒྱང་དུ་འཕངས། །ཕད་དང་ཕལ་དང་འཕལ་རྣམས་ནི། །ཕད་བུ་ཕལ་ཆེར་འཕལ་ག་འགྲིགས། །ཕྱག་དང་ཕྱགས་དང་འཕྱག་རྣམས་ནི། །ཕྱག་རྒྱ་ཕྱགས་ལྷམ་གད་སྙིགས་འཕྱག ། ཕག་དང་འཕགས་དང་འཕག་རྣམས་ནི། །ཕག་རྒོད་ཁྱད་འཕགས་འཕག་ནས་ལངས། །ཕྲེང་དང་འཕྲང་དང་འཕྲེང་རྣམས་ནི། །བགྲང་ཕྲེང་ལམ་འཕྲང་སེམས་ལ་འཕྲེང༌། །འཕྲོས་དང་འཕྲེས་དང་འཕྲས་རྣམས་ནི༑ ༑འོད་འཕྲོས་གཞོགས་འཕྲེས་དྲེའུས་འཕྲས། །ཕྲི་དང་ཕྲུ་དང་འཕྲུ་རྣམས་ནི། །སྣོན་ཕྲི་ཕྲུ་མ་རྒོད་འཕྲུ་ལྡེམ། །ཕྱེ་དང་འཕྱེ་དང་འཕྱས་རྣམས་ནི། །བཏགས་ཕྱེ་འཕྱེ་བོ་གཞན་ལ་འཕྱས། །ཕུད་དང་ཕུལ་དང་འཕུལ་རྣམས་ནི། །ཟས་ཕུད་ཕུལ་ཡོན་རླུང་གིས་འཕུལ། །ཕུག་དང་ཕུགས་དང་ཕིགས་རྣམས་ནི། ། བྲག་ཕུག་འཕྲལ་ཕུགས་དཀའ་གནད་ཕིགས། །ཕྲ་འཕྲ་ཕྲ་རགས་རྐང་བའི་འཕྲ། །འཕར་ཕར་འཕར་བ་ཕར་ལ་རྒྱུག །ཕོ་འཕོ་ཕོ་ཉ་གནས་ནས་འཕོ། །ཕུབ་ཕིབས་ཕུབ་རལ་རྒྱ་ཕིབས་འགེལ། །ཕུར་འཕུར་ཕུར་བ་མཁའ་ལ་འཕུར། །ཕྱིར་འཕྱུར་ཕྱིར་འོང་འོ་མ་འཕྱུར། །ཕྱི་འཕྱི་ཕྱི་དྲོ་འགོར་བའི་འཕྱི། །ཕྱུགས་ཕྱུག་གནག་ཕྱུགས་ནོར་གྱིས་ཕྱུག །ཕོགས་ཕོག་འགྱེད་ཕོགས་གདམས་ངག་ཕོག །ཕན་འཕན་ཕན་འདོགས་དར་གྱི་འཕན། །ཕྱང་ཕྱིང་ཕྱང་ངེ་ཕྱིང་བ་གྱོན། །འཕྱིངས་འཕྱངས་སྐྲ་འཕྱིངས་བུམ་མཆུ་འཕྱངས། །

༼བ༽བྱང་དང་བྱིངས་དང་བྱིང་རྣམས་ནི། བྱང་ཕྱོགས་བྱིངས་འདྲེན་ཆུ་རུ་བྱིང༌། །བྲེ་དང་བྲེས་དང་བྲོས་རྣམས་ནི། །བླ་བྲེ་རྒྱན་བྲེས་གཞན་དུ་བྲོས། །བྲིད་དང་བྲུལ་དང་བྲུད་རྣམས་ནི། །བསླུ་བྲིད་ཟས་བྲུལ་བྲུད་བྲུད་ཟ། །བྱེ་དང་བྱེད་དང་བྱོས་རྣམས་ནི། །བྱེ་མ་བྱེས་སུ་བྱ་བ་བྱོས། །འབྲང་དང་འབྲིང་དང་འབྲེང་རྣམས་ནི། །རྗེས་འབྲང་རབ་འབྲིང་འབྲེང་བས་འཁྱིག །དབྲེ་དང་སྦྲེས་དང་སྦྲེ་རྣམས་ནི། །བཙོག་དབྲེ་འཁྱགས་སྦྲེས་སྲོག་ཆགས་སྦྲེ། །བུད་དང་བུལ་དང་བིལ་རྣམས་ནི། །ཕྱིར་བུད་འགྱངས་བུལ་བིལ་བ་སྐྱེས། །བུང་དང་བོང་དང་བོངས་རྣམས་ནི། །བུང་བ་རི་བོང་བོངས་ཚད་ཆུང༌། །ལྦ་དང་རྦ་དང་སྦ་རྣམས་ནི༑ ༑ལྦ་བ་རྦ་ཀློང་ལྐོག་ཏུ་སྦ། །འབྱང་དང་འབྱངས་འབྱིང་རྣམས་ནི། །ལྟོ་འབྱང་འཁྲུ་འབྱངས་ཆུ་ལ་འབྱིང༌། །བྲག་བྲེགས་བྲག་རི་མགོ་སྐྱེས་བྲེགས། །བྲི་བྲུ་ཁ་བྲི་བྲུ་བ་ཚ། །བྲིས་བྲུས་ལྷ་བྲིས་ཁུང་བུ་བྲུས།། འབྲིམ་འབྲུམ་ཆུ་འབྲིམ་འབྲུམ་བུའི་ནད། །འབག་འབགས་འདྲ་འབག་བཙོག་པའི་འབགས། །བག་བགས་བག་ཆགས་བགས་ཀྱིས་ཟ། །བལ་བད་ལུག་བལ་བད་ཀན་ནད། །བོས་བས་མགྲོན་བོས་ཟད་པའི་བས། །བོད་བོལ་བོད་མི་རྐང་ལག་བོལ། །དབྱངས་དབྱིངས་སྐད་དབྱངས་ཆོས་ཀྱི་དབྱིངས། །བྲེལ་བྲེད་དལ་བྲེལ་འཇིགས་པའི་བྲེད། །འབྲས་འབྲོས་འབྲས་ཆན་སྐྲག་ནས་འབྲོས། །སྦལ་རྦད་སྦལ་བ་ནོར་སྐྱོང་རྦད། །ལྦོས་སྦོས་ལྟོ་ལྦོས་རྐུན་རྫས་སྦོས། །སྦྲིད་སྦྲུལ་ལུས་སྦྲིད་རྐང་བརྒྱའི་སྦྲུལ། །བབ་བབས་སྐབས་བབ་ཐུར་དུ་བབས། །སྦང་སྦངས་སྦང་མ་ཆུ་ལ་སྦངས། །འབྱུང་འབྱོངས་འབྱུང་ཁམས་སེམས་མཆོག་འབྱོངས། །བྲུན་བྲིན་བྱ་བྲུན་ཚོང་ཟོང་བྲིན། །བྱི་བྱུ་བྱི་ལ་བྱུ་རུ་དམར། །བླང་བླངས་བླང་དོར་ཉམས་སུ་བླངས། །བྱུག་བྱུགས་བྱུག་པ་ལུས་ལ་བྱུགས། །སྦྱོང་སྦྱོངས་དགེ་སྦྱོང་མཁྲུ་བའི་སྦྱོངས། །བྲང་བྲེང་བྲང་འོག་བྲེང་ཆགས་ན། །འབྲི་འབྲུ་འབྲི་གཡག་གྲོ་ནས་འབྲུ། །འབྲལ་འབྲད་འདུ་འབྲལ་རྩུབ་མོས་འབྲད། །འབོག་འབོགས་སྨྱོ་འབོག་བསླབ་པ་འབོགས། །འབུད་འབུལ་ཕྱིར་འབུད་མཆོད་པ་འབུལ། ། འབུངས་སྦུངས་འབད་འབུངས་སྟོབས་ཀྱིས་སྦུངས། །སྦྲང་སྦྲེངས་སྦྲང་མ་ཆུ་རྒྱུན་སྦྲེངས། །བང་བངས་བང་རྩལ་ཆུ་ལ་བངས། །འབལ་འབད་སྐྲ་འབལ་ཆོས་ལ་འབད། །འབོད་འབོལ་མགྲོན་འབོད་འབོལ་གདན་འདིང༌། །བླག་བླགས་བདེ་བླག་རྣ་བ་བླགས། །དབྱིག་དབྱུག་ནོར་དབྱིག་དབྱུག་པ་འཕྱར། །བུམ་བིམ་ཆུ་བུམ་བིམ་པའི་འབྲས། །འབྲོང་འབྲོངས་འབྲོང་གཡག་བསྟེན་པའི་འབྲོངས། །དབུགས་དབུག་སྲོག་དབུགས་མཚོན་གྲིས་དབུག །འབྲོག་དབྲོག་འབྲོག་དགོན་གཞན་ནོར་དབྲོག །དབལ་དབད་རྣོ་དབལ་དབད་པ་དཀའ། །དབྲད་དབྲལ་དབྲད་བྱ་དབྲལ་བ་དཀའ། །བྱིད་བྱིལ་ད་བྱིད་ཀོ་བྱིལ་སྨན། །དབྱུ་དབྱི་དབྱུ་གུ་རི་མོ་དབྱི། །སྦོམ་སྦོམས་སྦོམ་ཕྲ་ཕྱོགས་གཅིག་སྦོམས། །

༼མ༽དམར་དང་སྨྲ་དང་སྨར་རྣམས་ནི། །ཁ་དམར་གཏམ་སྨྲ་ཟོང་མིན་སྨར། །མོང་དང་མོངས་དང་རྨོངས་རྣམས་ནི། །ཐུན་མོང་ཉོན་མོངས་དོན་ལ་རྨོངས། །རྨ་དང་སྨ་དང་དམའ་རྣམས་ནི། །རྨ་ཅན་སྨ་ཕབ་དམའ་སར་བཞག །རྨད་དང་སྨད་དང་སྨལ་རྣམས་ནི། །རྨད་བྱུང་སྟོད་སྨད་རྒྱུ་སྐར་སྨལ། །དམས་དང་རྨོས་དང་རྨས་རྣམས་ནི། །ཉམ་དམས་ཞིང་རྨོས་མཚོན་གྱིས་རྨས། །སྨྲས་དང་སྨྲོས་དང་སྨོས་རྣམས་ནི༑ ༑ཚིག་སྨྲས་སྨྲོས་ཤིག་སྨོས་ཅི་དགོས། །རྨེད་དང་རྨེལ་དང་སྨེལ་རྣམས་ནི། །གོང་རྨེད་བལ་རྨེལ་སུག་སྨེལ་སྨན། །དམངས་དང་རྨང་དང་སྨྲེང་རྣམས་ནི། །དམངས་རིགས་རྩིག་རྨང་ལྐོག་སྨྲའི་སྨྲེང༌། །རྨུགས་དང་རྨིག་དང་རྨིགས་རྣམས་ནི། །རྨུགས་འཛིན་རྟ་རྨིག་རྨིགས་བུ་མང༌། །སྨིག་དང་སྨྲིག་དང་སྨུག་རྣམས་ནི། །སྨིག་རྒྱུ་ངུར་སྨྲིག་སྨུག་པ་འཐིབས། །མག་དང་དམག་དང་རྨེག་རྣམས་ནི། །མག་པ་དམག་དཔུང་རྨེག་མེད་བཅོམ། །མིང་དང་མང་དང་མངས་རྣམས་ནི། །མིང་བཏགས་མང་པོ་མངས་ཆེས་པ། ། དམིགས་དམིག་བློས་དམིགས་བུ་གའི་དམིག །དམེ་རྨེ་དམེ་གྲིབ་བསྲིས་རྨེ་བྱེད། །སྨེ་སྨྲེ་སྨེ་བ་སྨྲེ་སྔགས་འདོན། །རྨོན་སྨོན་རྨོན་དོར་ཆོས་ལ་སྨོན། །དམོད་སྨོད་དམོད་བཙུགས་ཚིག་གིས་སྨོད། །མྱང་རྨྱང་རོ་མྱང་བྱ་རྨྱང་བྱེད། །མྱགས་མྱག་རོ་མྱགས་ལྗན་ལྗིན་མྱག །མྱུག་སྨྱུག་ས་མྱུག་སྨྱུག་མའི་ཚལ། །དམུས་རྨུས་དམུས་ལོང་སུན་པའི་རྨུས། །དམུ་རྨི་དམུ་ཆུ་རྨི་ལམ་འཁྲུལ། །མལ་མད་མལ་ས་བདེན་པའི་མད། །མོལ་མོད་མོལ་མཆིད་མང་བའི་མོད། །མེས་མོས་མེས་པོ་མོས་གུས་ཆེ། །མུན་མིན་མུན་པ་ལྷ་མིན་ཕམ། །མུག་མིག་གཏི་མུག་མཐོང་བྱེད་མིག །མེན་རྨེན་མུ་མེན་རྨེན་བུ་སྐྲང༌། །མི་མུ་ལྷ་མི་མུ་མཐའ་མེད། །མེལ་མེད་མེལ་ཚེ་དོགས་པ་མེད། །དམན་སྨན་དམན་པ་ཀུན་ལ་སྨན། །
༼ཙ༽
ཙག་དང་བཙག་དང་བཙགས་རྣམས་ནི། །ཙག་སྒྲ་རྡོ་བཙག་ཚགས་ཀྱིས་བཙགས། །གཙགས་དང་བརྩེགས་དང་རྩེག་རྣམས་ནི། །གཙགས་བུ་ཁང་བརྩེགས་རིན་ལ་རྩེག །རྩིབ་དང་རྩིབས་དང་རྩུབ་རྣམས་ནི། །རྩིབ་རུས་འཁོར་རྩིབས་གདུག་རྩུབ་ཆེ། །རྩོད་དང་རྩོལ་དང་སྩོལ་རྣམས་ནི། །འཐབ་རྩོད་འབད་རྩོལ་དངོས་གྲུབ་སྩོལ། །རྩབ་དང་རྩབས་དང་བཙབས་རྣམས་ནི། །སྐྱུར་རྩབ་ཞོ་རྩབས་གྲི་ཡིས་བཙབས། །གཙང་དང་རྩངས་དང་རྩང་རྣམས་ནི། །གཙང་མ་རྩངས་པ་ཚེར་མའི་རྩང༌། །རྩིང་དང་བརྩེངས་དང་བཙངས་རྣམས་ནི། །རྩིང་པོ་གོས་བརྩེངས་སྣོད་དུ་བཙངས། །བཙད་བཙལ་བཙད་པོ་སྟོར་བ་བཙལ། །ཙོང་བཙོངས་སྒོག་ཙོང་ཟོང་རྫས་བཙོངས། །རྩིད་བཙུད་རྩིད་པ་སྣོད་དུ་བཙུད། །བཙོན་བརྩོན་བཙོན་ར་ཆོས་ལ་བརྩོན། །རྩིག་བརྩིགས་རྩིག་པ་དྲང་པོར་བརྩིགས། །རྩི་བརྩི་བདུད་རྩི་གྲངས་ཀ་བརྩི། །བརྩད་རྩད་ཆོས་བརྩད་རྩད་ནས་འབྱིན། །རྩམ་བརྩམས་ཕྱེ་རྩམ་བསྟན་བཅོས་བརྩམས། ། བཙན་ཙན་བཀའ་བཙན་ཙན་དན་ཤིང༌། །བཙས་བཙོས་བུ་བཙས་རྗེན་པ་བཙོས། །རྩ་རྩྭ་རྩ་རྒྱུས་རྩྭ་སྔོན་སྐྱེས། །བཙམས་ཙམ་མཐོ་བཙམས་ཙམ་པ་ཀ །ཙོག་བཙོགས་ཙོག་བུ་བརྡེགས་བཙོགས་བྱས། ། གཙོ་གཙོད་གཙོ་བོ་རི་དྭགས་གཙོད། །ཙོ་བཙོ་ནེ་ཙོ་བཙོ་བླག་མཁན། །གཙུབ་གཙུབས་གཙུབ་ཤིང་གཙུབས་ནས་འབར། །རྩལ་སྩལ་མཐུ་རྩལ་འདོད་དགུ་སྩལ། །

༼ཚ༽ཚ་དང་ཚྭ་དང་མཚའ་རྣམས་ནི། །ཚ་གྲང་ཚྭ་སྒོག་གཅན་གཟན་མཚའ། །ཚོང་དང་འཚོང་དང་མཚུངས་རྣམས་ནི། །ཉོ་ཚོང་ཟོང་འཚོང་འདྲ་བའི་མཚུངས། །ཚེགས་དང་ཚགས་དང་ཚེག་རྣམས་ནི། །དཀའ་ཚེགས་ཆུ་ཚགས་ཡི་གེའི་ཚེག །ཚེ་དང་འཚེ་དང་མཚེ་རྣམས་ནི། །ཚེ་བསོད་གནོད་འཚེ་སྔོ་ཡི་མཚེ། །མཚེས་དང་ཚོས་དང་ཚེས་རྣམས་ནི། །ཁྱིམ་མཚེས་ཚོན་ཚོས་ཟླ་བའི་ཚེས། །ཚོ་དང་འཚོ་དང་མཚོ་རྣམས་ནི། །ལུས་ཚོ་སྲོག་འཚོ་ཆུ་ཡི་མཚོ། །མཚལ་དང་འཚལ་དང་ཚལ་རྣམས་ནི། །མཚལ་ཆེན་ཕྱག་འཚལ་སྐྱེད་མོས་ཚལ། །ཚར་དང་འཚར་དང་མཚར་རྣམས་ནི༑ ༑ཟད་ཚར་འཛད་འཚར་ངོ་མཚར་ཆེ། །ཚེར་དང་འཚེར་དང་མཚེར་རྣམས་ནི། །ཚེར་མ་འོད་འཚེར་འབྲོག་རུ་མཚེར། །ཚུར་དང་འཚིར་དང་མཚུར་རྣམས་ནི། །ཚུར་ཤོག་ཏིལ་འཚིར་རུས་ཀྱི་མཚུར། །ཚིལ་ཚུད་ཐ་ཚིལ་ནང་དུ་ཚུད། །ཚུལ་མཚུལ་གནས་ཚུལ་མཆུ་ཡི་མཚུལ། །འཚབ་འཚབས་སྐྱིན་འཚབ་བློ་འཚབས་དང༌། །འཚམ་འཚམས་བློར་འཚམ་མཐོ་འཚམས་པ། །མཚམས་ཚམ་ས་མཚམས་ཚམ་རྔམ་བྱེད། །མཚང་འཚེངས་སྐྱོན་མཚང་རྒྱལ་ཚིམས་འཚེངས། །ཚང་ཚངས་ཆ་ཚང་ཚངས་པར་སྤྱོད། །འཚང་འཚངས་འཚང་རྒྱ་ནང་དུ་འཚངས། །ཚོམ་ཚོམས་ཚོམ་བུ་ཁང་བའི་ཚོམས། །ཚན་མཚན་སྡེ་ཚན་ལྷ་ཡི་མཚན། །ཚོད་ཚོལ་ཆུ་ཚོད་སྟོར་བ་ཚོལ། །མཚོན་ཚོན་མཚོན་ཆ་དཀར་དམར་ཚོན། །ཚེམ་ཚེམས་ཚེམ་བུ་ཐགས་བཟང་ཚེམས། །ཚུ་ཚི་ཚུ་རི་བལ་གྱི་ཚི།། ཚིག་ཚིགས་ཚིག་རྐང་མཚམས་ཀྱི་ཚིགས། །ཚུག་ཚུགས་སྤྲ་ཚུག་སྲོལ་བཟང་ཚུགས། །ཚིས་ཚུས་སོ་ཚིས་ཞལ་ཚུས་བཞེས། །མཚག་འཚག་ལུས་མཚག་འཛོམ་པའི་འཚག །ཚབ་ཚབས་སྐུ་ཚབ་ཚབས་ཆེ་བ། །མཚེད་འཚེད་ངུར་མཚེད་འཁུར་བ་འཚེད། །མཚོག་འཚོག་མཚོག་མ་དབྱུག་པས་འཚོག །ཚུབ་འཚུབས་ཚུབ་མ་དུ་བ་འཚུབས། །ཚོགས་འཚོགས་ཚོགས་པ་ནང་དུ་འཚོགས། །

༼ཛ༽མཛངས་དང་འཛིངས་དང་འཛེང་རྣམས་ནི། །མཁས་མཛངས་འཐབ་འཛིངས་རྡོ་ཡི་འཛེང༌། །མཛོད་དང་འཛོལ་དང་མཛོལ་རྣམས་ནི། །བང་མཛོད་ལམ་འཛོལ་རྙིའི་མཛོལ་བུ། །ཛ་དང་མཛའ་དང་འཛའ་རྣམས་ནི། །ཛ་ལང་མཛའ་གཅུགས་ཆུད་འཛའ་བ། །བརྫིས་དང་རྫུས་དང་བརྫུས་རྣམས་ནི། །ཟན་བརྫིས་རྫུས་སྐྱེས་བཟང་ལྟར་བརྫུས། །རྫི་བརྫི་ཕྱུགས་རྫི་རྡོག་པས་བརྫི། །རྫུ་བརྫུ་རྫུ་འཕྲུལ་ལྷ་རུ་བརྫུ། །འཛུད་འཛུལ་སྣོད་འཛུད་ཁུང་བུར་འཛུལ། །འཛག་འཛེགས་ཆུ་འཛག་རི་ལ་འཛེགས། །མཛད་འཛད་ཆོས་མཛད་སྡིག་སྒྲིབ་འཛད། །མཛེས་མཛེ་མཛེས་སྡུག་ནད་ཀྱི་མཛེ། །རྫོང་རྫོངས་མཁར་རྫོང་ནོར་གྱི་རྫོངས། །མཛེར་འཛེར་ཤ་མཛེར་ལོགས་སྐྱེས་འཛེར། །འཛུར་འཛིར་ལམ་འཛུར་བཙིར་ནས་འཛིར། །རྫས་བརྫེས་བུམ་རྫས་རལ་བ་བརྫེས། །

༼ཝ༽ཝ་ཝལ་ཝ་སྐྱེས་ཝལ་ལེར་སྣང༌། །

༼ཞ༽ཞང་ཞེང་ཚ་ཞང་འཕྲེད་ཞེང་ཆེ། །གཞང་བཞེངས་གཞང་སྲིན་ལངས་པའི་བཞེངས། །གཞུག་གཞིག་མངག་གཞུག་བློ་ཡིས་གཞིག །གཞེས་གཞས་འཚོ་གཞེས་གླུ་གཞས་འཐེན། །བཞེས་བཞོས་ཟས་བཞེས་འོ་མ་བཞོས། །གཞི་གཞུ་གཞི་བྱེས་མདའ་གཞུ་འགེངས། །བཞི་བཞུ་གྲངས་བཞི་རྩི་མར་བཞུ། །ཞྭ་ཞ་ཞྭ་མོ་རྐང་ལག་ཞ། །ཞུ་ཞི་ཆོས་ཞུ་བར་ཆད་ཞི། །ཞེ་ཞེས་ཞེ་འདོད་ཞེས་བྱ་སོགས། །ཞོལ་ཞོད་ཞོལ་བོ་ཆར་ཞོད་ཆེ། །ཞོག་ཞོགས་སྐྱུར་ཞོག་ནངས་སྔའི་ཞོགས། །ཞད་ཞལ་བླུན་ཞད་གདོང་གི་ཞལ། །ཞིག་ཞུགས་ཞིག་རལ་ཚོགས་པ་ཞུགས། །ཞུམས་ཞིམ་དཔའ་ཞུམས་ཞིམ་མངར་ཟས། །གཞོན་བཞོན་ན་གཞོན་བཞོན་པའི་རྟ། །བཞོགས་གཞོགས་ཤིང་བཞོགས་རྩིབ་ཀྱི་གཞོགས། །གཞའ་བཞའ་གཞའ་ཚོན་རླན་གྱི་བཞའ། །བཞིན་བཞུན་བཞིན་རས་བཞུན་པའི་དྲན། །གཞལ་བཞད་གཞལ་བྱ་བཞད་བཞད་བྱེད། །གཞོང་གཞོངས་གཞོང་བ་སྤང་གཞོངས་ཉུལ། །གཞུང་གཞུངས་གཞུང་དོན་ཡིད་གཞུངས་པ། ། གཞར་བཞར་གཞར་ཡང་སྐྲ་བཞར་མཁས། །གཞུར་བཞུར་གཞུར་བརྟག་མར་ཁུ་བཞུར། །ཞག་ཞགས་ཚིལ་ཞག་ཞགས་པས་བཅིངས། །བཞུས་གཞིས་མར་བཞུས་གཞིས་ཀ་ཆེ། །

༼ཟ༽གཟིག་གཟིགས་གཟུག་གཟུགས་སྟག་གཟིག་དང༌། །སྤྱན་གཟིགས་ཤ་གཟུག་མཛེས་པའི་གཟུགས། །བཟུང་གཟུང་གཟུངས་གཟོང་འཆང་བཟུང་དང༌། །གཟུང་འཛིན་གཟུངས་སྔགས་རྣོ་གཟོང་འབིགས། །གཟེ་བཟེ་གཟས་བཟས་གཟེ་མ་དང༌། །བཟེ་རེ་བརྡེག་གཟས་ཟོས་ཟིན་བཟས། ། གཟིངས་གཟེངས་བཟང་གཟང་གྲུ་གཟིངས་དང༌། །གཟེངས་བསྟོད་དྲི་བཟང་གཟང་རིང་རྣོ། །ཟུང་དང་ཟུངས་དང་ཟོང་རྣམས་ནི། །ཟུང་འབྲེལ་ལུས་ཟུངས་ཚོང་གི་ཟོང༌། །གཟི་དང་གཟུ་དང་བཟི་རྣམས་ནི། །གཟི་བརྗིད་གཟུ་ལུམ་ཆང་གིས་བཟི། །ཟང་དང་ཟངས་དང་ཟེང་རྣམས་ནི། །ཟང་ཟིང་ཟངས་དམར་རྭ་ཟེང་ངེ། །ཟ་ཟྭ་ཟས་ཟ་ཟྭ་ཚོད་དང༌། །ཟབ་ཟབས་ཟབ་ཆོས་གཏིང་རིང་ཟབས། ། ཟག་ཟགས་ཟག་བཅས་སྟོར་བའི་ཟགས། །ཟིལ་ཟུལ་ཟིལ་བ་བྱི་ཟུལ་བྱེད། །ཟས་ཟོས་ཁ་ཟས་ཟོས་ཏེ་འགྲངས། །ཟིན་ཟུན་རྗེས་ཟིན་གཉེན་གྱི་ཟུན། །བཟུར་གཟིར་བྱོལ་བཟུར་ནད་ཀྱིས་གཟིར། ། གཟའ་བཟའ་གཟའ་སྐར་ན་བཟའ་གྱོན། །གཟོད་བཟོད་ད་གཟོད་དཀའ་སྤྱད་བཟོད། །གཟིམས་གཟུམ་མནལ་གཟིམས་ཁ་མིག་གཟུམ། །གཟེགས་གཟགས་གཟེགས་མ་འཛག་པའི་གཟགས། །བཟོ་གཟོ་གོས་བཟོ་དྲིན་གཟོ་བགྱིད། །ཟློག་བཟློག་ཟློག་པས་བར་ཆད་བཟློག །ཟླ་བཟླ་ལོ་ཟླ་བཟླ་བྱའི་སྔགས། །ཟློས་བཟླས་ཟློས་སྐྱོན་གཟུངས་སྔགས་བཟླས། །ཟླུམ་བཟླུམས་ཟླུམ་པོ་གཅིག་ཏུ་བཟླུམས། ། ཟུག་ཟུགས་ཟུག་རྔུ་ཚེར་མ་ཟུགས། །ཟལ་ཟད་དཀར་ཟལ་ཞིག་པས་ཟད། །

༼འ༽འོང་འོངས་འགྲོ་འོང་མ་འོངས་པ། །འོད་འོལ་འོད་པ་འོལ་བ་འཕུར། །

༼ཡ༽ཡུང་དང་ཡུངས་དང་གཡུང་རྣམས་ནི། །ཡུང་བ་ཡུངས་དཀར་བསྲུན་པའི་གཡུང༌། །གཡོག་དང་གཡོགས་དང་ཡོགས་རྣམས་ནི། །བྲན་གཡོག་སྟོད་གཡོགས་ལུག་བལ་ཡོགས། །གཡག་དང་ཡག་དང་ཡགས་རྣམས་ནི། །འབྲི་གཡག་ཡག་ཤིང་ལེགས་པའི་ཡགས། །ཡང་དང་ཡངས་དང་ཡེངས་རྣམས་ནི། །ལྕི་ཡང་ཁྱོན་ཡངས་རྣམ་ཤེས་ཡེངས། །གཡང་དང་གཡེང་དང་གཡེངས་རྣམས་ནི། །ཕྱྭ་གཡང་རྣམ་གཡེང་གཞན་དུ་གཡེངས། །ཡིག་དང་ཡུག་དང་ཡུགས་རྣམས་ནི། །འཕྲིན་ཡིག་ཁོར་ཡུག་ཡུགས་ས་མོ། །ཡིད་དང་ཡུད་དང་ཡུལ་རྣམས་ནི། །སེམས་ཡིད་ཡུད་ཙམ་སྨྲ་བློའི་ཡུལ། །ཡ་གཡའ་ཡ་ང་ལྕགས་ཀྱི་གཡའ། །ཡར་གཡར་ཡར་མར་སྣོད་སྤྱད་གཡར། །ཡི་ཡུ་ཡི་དམ་ཡུ་བ་རིང༌། །ཡམས་ཡམ་ཡམས་ནད་ཡམ་ཤིང་སྲེག །ཡུན་ཡིན་ཡུན་རིང་ཡིན་མིན་བརྟག །ཡས་ཡོས་ཡས་ཕྱིན་འབྲས་ཡོས་སོགས། །ཡན་གཡན་ཡན་མན་གཡན་པའི་རྨ། །ཡོང་ཡོངས་ཡོང་བ་ཡོངས་སུ་རྫོགས། །ཡོབ་གཡོབས་ཡོབ་ཆེན་གཡབ་མོ་གཡོབས། །ཡུར་གཡུར་ཡུར་མ་གཡུར་དུ་ཟ། །གཡས་གཡོས་གཡས་ཕྱོགས་ས་རླུང་གཡོས། །གཡེར་ཡེར་གཡེར་རྡོག་ཡེར་གྱིས་སད། །ཡོལ་ཡོད་ཡོལ་བ་དམིགས་བྱར་ཡོད། །གཡུག་གཡིགས་མགོ་གཡུག་གཡེར་མས་གཡིགས། །གཡི་གཡུ་གཡི་དཀར་རིན་ཆེན་གཡུ། །ཡལ་གཡལ་འཇའ་ཡལ་གླལ་བའི་གཡལ། །

༼ར༽རང་དང་རེང་དང་རིང་རྣམས་ནི། །རང་ཉིད་རེང་བུ་རིང་ཐུང་དང༌། །རིངས་དང་རངས་དང་རེངས་རྣམས་ནི། །ཆུ་རིངས་ཐོ་རངས་སྐྱ་རེངས་ཤར། །རིལ་དང་རུལ་དང་རིད་རྣམས་ནི། །རིལ་བོ་ཡིབ་རུལ་རྗུད་པའི་རིད། །རོང་དང་རུངས་དང་རུང་རྣམས་ནི། །གཅོང་རོང་མ་རུངས་ཆོག་པའི་རུང༌། ། རེ་དང་རེས་དང་རས་རྣམས་ནི། །རེ་ལྡེ་རེས་མོ་རས་སུ་བོར། །བརླིང་དང་བརླང་དང་རླངས་རྣམས་ནི།། བརྟན་བརླིང་རྩུབ་བརླང་ཁ་རླངས་དང༌། །རིམ་དང་རིམས་དང་རུམ་རྣམས་ནི། །གོ་རིམ་ནད་རིམས་མ་ཡི་རུམ། །ར་རྭ་ར་ལུག་རྭ་ཅོ་དང༌། །རེགས་རག་མགོ་རེགས་རག་ལས་པ། །རགས་རེག་ཕྲ་རགས་རེག་བྱར་འཇུག །རོལ་རོད་རོལ་མོ་རོད་པ་གོས། །རབ་རབས་རབ་འབྲིང་རིམ་པའི་རབས། །རིས་རུས་ཕྱོགས་རིས་གདུང་རུས་གཙང༌། །རོག་རོགས་གཡག་རོག་རོགས་རམ་བྱེད། །རམ་རམས་རམ་འདེགས་ཚོན་གྱི་རམས། །རིག་རིགས་རིག་གནས་དེར་གཏོགས་རིགས། །རིབ་རུབ་རབ་རིབ་མུན་རུབ་དུས། ། རླམ་བརླམས་རླམ་ཁྱེར་གདོན་གྱིས་བརླམས། །རླབས་བརླབས་ཆུ་རླབས་བྱིན་གྱིས་བརླབས། །

༼ལ༽ལེགས་དང་ལག་དང་ལགས་རྣམས་ནི། །ལེགས་ཚོགས་ཡན་ལག་ཞེ་སའི་ལགས། །ལོང་དང་ལོངས་དང་ལུང་རྣམས་ནི། །མིག་ལོང་ལོངས་སྤྱོད་ལུང་བསྟན་ཐོབ། །ལིང་ལིངས་ལིང་ཏོག་ལིངས་པས་ཟིན། །ལང་ལངས་ལང་ཚོ་ཡར་ལ་ལངས། །ལ་ལྭ་ལ་ཐུར་སྣམ་གོས་ལྭ། །ལི་ལུ་ལི་ཟངས་གློ་སྒོག་ལུ། །ལུག་ལུགས་ར་ལུག་འགྲོ་ལུགས་ཤེས། །ལོག་ལོགས་ལམ་ལོག་ལོགས་སུ་བཀར། །ལས་ལོས་སྔོན་ལས་ལོས་ཡིན་སྙམ། །

༼ཤ༽ཤམ་དང་གཤམ་དང་བཤམས་རྣམས་ནི། །ཤམ་ཐབས་གྲལ་གཤམ་མཆོད་པ་བཤམས། །ཤང་དང་ཤིང་དང་ཤངས་རྣམས་ནི། །ཤང་ལང་ལྗོན་ཤིང་སྣ་ཡི་ཤངས། །གཤེགས་དང་གཤགས་དང་བཤགས་རྣམས་ནི། །ཚུར་གཤེགས་གྲིས་གཤགས་སྡིག་པ་བཤགས། །བཤེས་དང་བཤོས་དང་བཤས་རྣམས་ནི། །མཛའ་བཤེས་ལྷ་བཤོས་གསད་བྱ་བཤས། །ཤེས་དང་ཤོས་དང་ཤས་རྣམས་ནི། །ངོ་ཤེས་ཅིག་ཤོས་ཆ་ཤས་སོ། །ཤུད་དང་ཤིད་དང་ཤུལ་རྣམས་ནི། །ཤུད་བུ་ཤིད་ཟན་ཤུལ་དུ་ལུས། །ཤ་ཤྭ་ཤ་ཁྲག་ཤྭ་འོད་རྒྱུག །ཤལ་ཤད་དོ་ཤལ་ཤད་སྦྱང་བྱེད། །བཤད་བཤལ་ཆོས་བཤད་ཤལ་བས་བཤལ། །ཤུག་ཤུགས་ཤུག་པ་སྟོབས་ཤུགས་རྒྱས། །ཤིག་ཤིགས་སྲོ་ཤིག་མི་ཤིགས་པ། །ཤར་བཤར་ཤར་ཕྱོགས་བྲེ་ལ་བཤར།། ཤུ་ཤི་ཤུ་བ་ནད་ཀྱིས་ཤི །ཤགས་ཤག་ཏིང་ཤགས་ཤག་གིས་ཕམ། །ཤོག་ཤོགས་འདིར་ཤོག་སྡིག་པ་ཤོགས། །ཤེད་ཤེལ་སྟོབས་ཤེད་དྭངས་པའི་ཤེལ། །ཤོད་ཤོལ་ཆོས་ཤོད་ཞག་ཟླའི་ཤོལ། །ཤུན་ཤིན་ཤུན་ལྤགས་ཤིན་ཏུ་འཐུག །ཤུབ་ཤུབས་ལྐོག་ཤུབ་གྲི་སོགས་ཤུབས། །ཤུར་བཤུར་ཤུར་བུ་མེ་ཡིས་བཤུར། ། གཤིས་བཤུས་གཤིས་ལུགས་ཤུན་པ་བཤུས། །བཤང་གཤང་བཤང་གཅི་བོན་སིལ་གཤང༌། །བཤན་ཤན་བཤན་པ་ཤན་གྱིས་བསླང༌། །བཤའ་གཤའ་བཤའ་ལུག་ཆོས་གཤའ་མ། །གཤོལ་བཤོལ་ཐོང་གཤོལ་ཕྱི་བཤོལ་སྤངས། །བཤུལ་བཤུད་བཤུལ་ལམ་ཕན་ཚུན་བཤུད། །

༼ས༽སད་དང་བསལ་དང་བསད་རྣམས་ནི། །ཉམས་སད་སྙིགས་བསལ་སྲོག་ཆགས་བསད། །སང་དང་སངས་དང་སེང་རྣམས་ནི། །སང་ཉིན་གཉིད་སངས་སེང་ལྡེང་སྐྱེས། །གསང་དང་གསིང་དང་གསེང་རྣམས་ནིི། །སྦ་གསང་ནེའུ་གསིང་ནགས་གསེང་ཉུལ། །གསོད་དང་གསོལ་དང་བསོད་རྣམས་ནི༑ ༑དགྲ་གསོད་ཞུ་གསོལ་ཚེ་བསོད་རྒྱས། །སག་དང་གསགས་དང་གསེག་རྣམས་ནི། །སག་ལྷམ་ཁ་གསགས་གསེག་ཤིང་ཐོགས། །གསུང་དང་གསུངས་དང་གསོང་རྣམས་ནི། །གསུང་རབ་ཆོས་གསུངས་སྦ་བྱ་གསོང༌། །སྲུ་དང་སྲི་དང་བསྲི་རྣམས་ནི། །མ་སྲུ་དམ་སྲི་ནོར་རྫས་བསྲི། །སེར་དང་བསེར་དང་གསེར་རྣམས་ནི། །མདོག་སེར་བསེར་བུ་རིན་ཆེན་གསེར། །སིལ་དང་སུལ་དང་སིད་རྣམས་ནི། །སིལ་སྙན་ཕོ་སུལ་སིད་སྒྲ་འབྱིན། །སྲིད་དང་སྲུལ་དང་སྲིལ་རྣམས་ནི། །ཇི་སྲིད་ལུས་སྲུལ་སྲིལ་གྱིས་ཟ༑ ༑སྲེ་དང་བསེ་དང་བསྲེ་རྣམས་ནི། །སྲེ་མོང་བསེ་རུ་ཕན་ཚུན་བསྲེ། །གསེས་གསེ་ནང་གསེས་བརྒྱ་ཆར་གསེ། །གསོས་གསས་བུ་གསོས་གསས་ཁང་འབུབ། །གསིག་གསུག་རལ་གསིག་གསུག་ཏུ་འབུལ། །སྲང་བསྲངས་ལམ་སྲང་ཡོ་བ་བསྲངས། །སྲིང་བསྲིངས་སྲིང་མོ་ས་ཐག་བསྲིངས། །བསུང་བསྲུངས་དྲི་བསུང་ལྷ་ཡིས་བསྲུངས། །བསྲེལ་བསལ་རིང་བསྲེལ་སྐྱོན་བསལ་བ། །སྲན་བསྲན་སྲན་མ་སྡུག་བསྲན་ཆེ། །སྲོས་བསྲོས་ས་སྲོས་མེ་ལ་བསྲོས། །སྲེག་བསྲེགས་བྱ་སྲེག་སྒྲོ་སྤུ་བསྲེགས། །སྲོད་སྲོལ་སྲོད་ཐུན་ཆོས་སྲོལ་ཚུགས། ། སྲིབ་སྲུབ་ཉིན་སྲིབ་གོས་ཀྱི་སྲུབ། །བསྲིས་སྲུས་གོས་བསྲིས་འབྲུ་རིགས་སྲུས། །སྲིན་བསྲུན་སྲིན་བུ་དུལ་བའི་བསྲུན། །བསིལ་གསིལ་གྲིབ་བསིལ་དུམ་བུར་གསིལ། ། སིམ་སུམ་སིམ་གདུང་སུམ་ཅུ་སོགས། །སོག་སོགས་སོག་རུས་མང་སྡུད་སོགས། །གསད་གསལ་གསད་བྱ་ཡིད་ན་གསལ། །སབ་བསབས་སབ་མ་སྐྱིན་པ་བསབས། །བསེན་སེན་བསེན་མོ་སེན་མོ་རིང༌། ། སོས་བསོས་རྨ་སོས་ངལ་བསོས་བདེ། །སུབ་སིབ་རྗེས་སུབ་ནད་ཀྱི་སིབ། །སོད་སོལ་དགྲ་སོད་སྙིགས་མ་སོལ། །བསམ་སྲམ་བསམ་པ་སྲམ་ལྤགས་ཉོས། །སྲོག་གསོག་ཚེ་སྲོག་གསོག་འཇོག་སྤོང༌། །གསུམ་བསུམས་ལན་གསུམ་ཐུ་བ་བསུམས། །སོར་གསོར་སོར་མོས་གསོར་གྱིས་འབིགས། །བསླང་བསླངས་གྱེན་བསླང་སློང་མོ་བསླངས། །སླད་བསླད་སླད་མར་སྐྱོན་བསླད་སྤོང༌། །

༼ཧ༽ཧོང་ཧུང་ཧོང་ལེན་ཧུང་རྒྱས་བསྡམས། །ཧ་ཧྭ་ཧ་བགད་ཧྭ་ཤོ་བསུབ། །ཧྲིལ་ཧྲུལ་ཧྲིལ་བོ་སློག་ཧྲུལ་གྱོན། །ལྷག་ལྷགས་ལྷག་མ་གྲང་ལྷགས་ཆེ། །ལྷོག་ལྷོགས་ལྷོག་པ་གསུང་རབ་ལྷོགས། །ལྷུང་ལྷོངས་སར་ལྷུང་འཚུབ་ལྷོངས་ཞི། །

༼ཨ༽ཨིག་ཨུག་ཨིག་བུ་ཨུག་ཆོས་འཆར། །དེ་ལྟར་གདངས་མཐུན་ཡི་གེའི་རིགས། །གང་ལ་འཇུག་པའི་མཚན་གཞིའི་ཕྲེང༌། །ནག་ནར་ཚིག་གིས་སྲད་བུ་ལ། །བརྒྱུས་པའི་འདུ་བྱེད་དེ་ཙམ་མོ། །
སྨྲས་པ། །གངས་ཅན་བརྡ་སྤྲོད་ནགས་ཀློང་ལས། །རིགས་མཐུན་སྒྲ་ཡི་རྐང་འཐུང་མང༌། ། ལྷན་ཅིག་འདུ་བྱེད་གསར་བུ་འགའི། །འབད་པ་འབྲས་བུས་མི་སྟོང་སླད། །བློ་གྲོས་སོག་ལེ་རྟུལ་པོ་ཡིས། །དྲས་གཏུབས་ངལ་བརྒྱས་བསྒྲིགས་པ་ལས། །སྒྲ་རིག་རྒྱ་མཚོའི་ཆ་ཤས་ཙམ། །རྒལ་བའི་གྲུ་ཆུང་འདི་བསྐྲུན་ལོ། །འདིར་འབད་དགེ་བས་བློ་གསལ་རྣམས། །འདི་སྣང་ཤི་སྤར་ཅུང་ལྷོད་དེ། ། འདི་ལྟའི་རིག་བྱེད་ཕྲ་མོ་ཡང༌། །འདི་ཕྱིར་ཀློག་ལ་སྒྲིམ་གྱུར་ཅིག །འདི་དག་པར་དུ་བསྐྲུན་པའི་དགེ །བློ་གསལ་བློ་ཡི་པད་མོ་འབུམ། །བརྡ་དག་སྦྲང་རྩིའི་ཟིལ་དངར་གྱིས། །རིང་མིན་གཏམས་པའི་རྒྱུར་གྱུར་ཅིག །རྫོགས་སོ།། །།

མཆན། འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས་གཞིར་བཟུང་ནས་བསྒྲིགས་པའོ།།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ཕྱི་ལོ་༡༨༩༠ ལོར་མདོ་སྨད་རེབ་གོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་ཕྱི་ལོ་༡༩༥༩ ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཁུ་བོ་ཧྲེ་ལི་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བསླབས་པས་ལོ་གཅིག་ལ་ཚེགས་མེད་དུ་མཁྱེན། དགུང་ལོ་བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་དཔྱི་སའི་བན་གྱའི་གྲྭ་རྒྱུན་དུ་ཞུགས། དགུང་ལོ་བཅུ་པར་ཡིག་གཟུགས་ཀྱི་མཛེས་རྩལ་དང་། སུམ་རྟགས་དག་གསུམ་བཅས་ལ་སྦྱངས་པ་མཛད། དགུང་ལོ་བཅུ་བདུན་པར་རྫོང་སྔོན་བློ་གྲོས་ཚང་ལས་བཀའ་ཆོས་མང་པོ་གསན་ཅིང་དེ་ནས་བཟུང་དཔེ་གཟིགས་མ་ཆག་པར་མཛད། དགུང་ལོ་བཅོ་བརྒྱད་པར་རྫོང་དཀར་དུ་ཕེབས་ཏེ་གཙང་དགེ་བཤེས་ཚང་ལས་སྔ་ཕྱིར་དཔེ་ཁྲིད་མང་དུ་གསན།
དགུང་ལོ་ཉི་ཤུ་ཐམ་པར་སྡི་ཚ་དགོན་དུ་ཕེབས་ཏེ་ཞྭ་དམར་པཎྜི་ཏ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགེ་བའི་བཤེས་གཉེན་བྱམས་པ་བློ་བཟང་དང༌། མཛོད་དགེ་བློ་བཟང་རྒྱ་མཚོ། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས་མཁས་གྲགས་ལྷ་ལམ་དུ་ཁྱབ། ཐུན་མོང་བའི་རིག་པའི་གནས་ལ་ཞིབ་ཏུ་སྦྱངས། དགུང་ལོ་བཞི་བཅུ་ཐམ་པར་ཀ་རིང་ཨེ་ཝཾ་གླིང་དུ་ཕེབས་པ་ནས་བཟུང་ཡོངས་འཛིན་བློ་བཟང་དཔལ་ལྡན་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་པད་ལ་ལོ་ཉི་ཤུའི་རིང་བསྟེན་ཏེ་མདོ་རྒྱུད་རྒྱ་མཚོའི་གཞུང་ལ་མི་འཇིགས་པའི་སྤོབས་པ་བརྙེས། ཁྱད་པར་དུ་རྗེ་བླ་མའི་སྙན་བརྒྱུད་ཀྱི་མན་ངག་འཛིན་པའི་མཁས་གྲུབ་ཆེན་པོའི་གོ་འཕང་མངོན་དུ་གྱུར། དཔྱི་ས་དགོན་དགེ་བྱེད་གླིང་གསར་འདེབས་མཛད་ཅིང་གཙུག་ལག་ཁང་དང༌། རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་མཛད། རོང་པོ་དགོན་ཆེན་དུ་ཕེབས་ཏེ། ཁྲི་སྤྲུལ་སྐུ་འཇམ་དབྱངས་འཕྲིན་ལས་དབང་པོ་དང༌། རྫོང་དཀར་འཇིགས་མེད་ཤེས་རབ་གྲགས་པ། སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་ལྷུན་གྲུབ། ནང་སོ་སྐུ་སྐྱེས། ཁ་སོ་མཆོག་སྤྲུལ་བཅས་ལ་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་བསྩལ།
ཁོང་གི་གསུང་རྩོམ་ནི། [རྩོད་ཡིག་གསང་འཛིན་མཚོན་ཆའི་འཁོར་ལོ་]དང༌། [སྙན་ངག་གི་གབ་ཚིག་གཞོན་ནུའི་བློ་གྲོས་སྒོ་འབྱེད།][སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།][སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ།][ཚུལ་གསུམ་ཁྱབ་སྒོ་ཁུག་མ་]སོགས་བཞུགས་སོ། །བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་འདི་ལ་འཇམ་དབྱངས་གྲགས་པ་ལགས་ཀྱིས་མཆན་འགྲེལ་ཞིག་མཛད་ཡོད་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༩༣ ལོའི་ཟླ་༧ པར་པར་ཐེངས་དང་པོ་དཔར་དུ་བསྐྲུན་གནང་ཡོད་དོ། །